2026-07-20
ཉེ་ཆར། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུས་གཅིག་གྱུར་འཆར་འགོད་བྱས་པའི་སྤྱི་ཕན་རང་བཞིན་གྱི་དབྱར་གནང་ཚབ་གཉེར་འཛིན་གྲྭ་འཚོག་འགོ་བཙུགས། ཚབ་གཉེར་འཛིན་གྲྭ་འདིས་སྤྱི་ཕན་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་ལོ6ནས་ལོ12བར་གྱི་བྱིས་པར་ཁ་ཕྱོགས་ནས་གཙོ་བོ་དཀའ་ངལ་ཡོད་པའི་བྱིས་པ་དང་། ཁྱིམ་ལུས་བྱིས་པ། ལས་བྱེད་ལས་བཟོ་པའི་ཁྱིམ་ཚང་གི་བྱིས་པ། གསར་དར་ཁྱབ་ཁོངས་ཀྱི་གཞོན་ནུ་ཁྱིམ་ཚང་གི་བྱིས་པ་བཅས་ལ་ཞབས་འདེགས་ཞུས་ཏེ། སྤྱི་ཚོགས་ཐོན་ཁུངས་བསྡུ་སྒྲིལ་དང་ཆེད་ལས་སྟོབས་ཤུགས་ནང་འདྲེན་བྱས་པར་བརྒྱུད། ཁྱིམ་བདག་ཚོའི་བྱིས་པ་གསོ་སྐྱོང་གི་སེམས་ཁྲལ་སེལ་ཐུབ་པ་དང་། བྱིས་པ་ཚོར་གུང་གསེང་གི་དུས་ཚོད་སྤྲོ་སྣང་ལྡན་པ་ཞིག་བྱིན་ཡོད།
དར་མདོ་གྲོང་ཁྱེར་གངས་ཆུ་ཟམ་པའི་སྤྱི་ཁུལ་བྱེད་སྒོ་ཁང་དུ་བྱིས་པ་ཚོས་སྤྲོ་སྣང་ལྡན་པའི་རྩེད་མོའི་ཁྲོད་དུ་སྤྱི་སྐད་སྦྱོང་བཞིན་དགེ་རྒན་གྱི་ངག་འགྲོས་དང་བསྟུན་ནས་གླུ་ལེན་བཞིན་ཡོད། ཁྱིམ་བདག་ལྷ་མོས་ན་ནིང་དབྱར་གནང་སྐབས་སུ་བྱིས་པ་ཚོ་ཁྱིམ་དུ་བརྙན་འཕྲིན་ལ་བལྟ་རུ་བཅུག་ནས་བཞག་དགོས་པས། སེམས་ཁྲལ་ཆེན་པོ་འདུག། ད་ལོ་བྱིས་པ་གཉིས་ཀ་ཚབ་གཉེར་འཛིན་གྲྭར་དགའ་སྤྲོའི་ངང་རྩེ་མོ་རྩེད་བཞིན་པ་མཐོང་དུས་ངེད་བཟའ་མི་གཉིས་ཀ་སེམས་བདེ་མོའི་ངང་ལས་ཀ་བྱེད་དུ་འགྲོ་ཆོག་པས་ངོ་མ་བཀའ་དྲིན་ཆེན་པོ་རེད་ཅེས་བཤད།
གངས་ཆུ་ཟམ་པའི་སྤྱི་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་སི་ཧུང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ཁུལ་འདིའི་དབྱར་གནང་ཚབ་གཉེར་འཛིན་གྲྭ་ནི“གུང་གཞོན་ཚོགས་པ་ཁུལ་ཨུའི་མཐུན་སྦྱོར་དང་སྡེ་ཁུལ་གྱི་མཁོ་སྤྲོད། མཐོ་སློབ་ཀྱི་རྒྱབ་སྐྱོར”བཅས་མཉམ་འགུལ་ལ་བརྟེན་ནས། ད་ལོར་མཐོ་སློབ་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་གསུམ་བཙུགས་ཡོད། རྒྱུན་ལྡན་གྱི་སྦྱོང་ཚན་ཟུར་ཁྲིད་ཕུད་ད་དུང་དུག་འགོག་ཁྲིམས་ལུགས་ཁྱབ་གདལ་དང་། ཚན་རིག་ཚོད་ལྟ། རིག་གནས་ཤུལ་བཞག་ལག་ཤེས་བཟོ་རྩལ་སོགས་ཁྱད་ཆོས་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།
དགེ་རྒན་ཀྲེང་ཞའོ་ཧྥེང་གིས་ཟླ་བ་གཅིག་རིང་གི་ཚབ་གཉེར་དུས་ཡུན་ནང་། ང་ཚོས་ཉེན་མེད་ཀྱི་མཐིལ་ཚད་དམ་པོར་བསྲུངས་ནས། རྒྱུན་ཆད་མེད་པར་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་པོར་བཏང་སྟེ། བྱིས་པ་རྣམས་ལ་སློབ་སྦྱོང་གི་གྲུབ་འབྲས་ཐོབ་པ་དང་། དགའ་སྤྲོ་དང་དོན་སྙིང་ལྡན་པའི་དབྱར་གནང་ཞིག་རོལ་དུ་འཇུག་པ་ཡིན། འདིས་དངོས་གནས་ཁྱིམ་བདག་རྣམས་ཀྱི་དབྱར་གནང་སྐབས་ཀྱི་བྱིས་སྐྱོང་གནོན་ཤུགས་ཇེ་ཡང་དུ་གཏང་ཐུབ་ཅེས་བཤད་པ་རེད།
གསར་འགོད་པས་གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་ནས་ཤེས་རྟོགས་བྱུང་དོན། ཐེངས་འདིའི་དབྱར་གནང་ཚབ་གཉེར་འཛིན་གྲྭ་ནི་གཞོན་ནུ་འཕེལ་རྒྱས་ལ་ཞབས་ཞུ་དང་དམངས་འཚོའི་སེམས་ཁུར་ལ་ལན་སློག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མིང་ཐོ་འགོད་ས་དེ་ཁུལ་ཡོངས་སུ་གཅིག་གྱུར་གྱིས་སྒོ་ཕྱེ་ཡོད། ཆ་རྐྱེན་འཛོམས་པའི་ཁྱིམ་བདག་གིས་གཤམ་གསལ་གྱི་ཐབས་ལམ་གསུམ་བརྒྱུད་ནས་མིང་ཐོ་འགོད་ཆོག། གཅིག་ནི་དྲྭ་ཐོག་ནས་མིང་ཐོ་འགོད་ཐབས། རྫོང་དང་གྲོང་ཁྱེར་ཁག་གི་གུང་གཞོན་ཚོགས་པ་ཨུ་ལྷན་གྱི་འཕྲིན་སྟེགས་ལ་དོ་ཁུར་བྱས་ཏེ། ཨང་བཤེར་ཚོགས་འཇུག་བྱས་ནས་གཏན་འབེབས་དུས་ཚོད་ནང"ཁྱིམ་བདག་གི་མིང་དང་སློབ་མའི་མིང་། ལོ་ཚོད། འཛིན་གྲྭ"བཅས་ཀྱི་ཆ་འཕྲིན་བསྐུར་ནས་མིང་ཐོ་འགོད་དགོས། གཉིས་ནི་ཁ་པར་བརྒྱུད་ནས་མིང་ཐོ་འགོད་ཐབས། ས་གནས་དེ་གའི་གུང་གཞོན་ཚོགས་པ་ཨུ་ལྷན་དང་ཡང་ན་ཚབ་གཉེར་ས་ཚུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཁ་པར་ཨང་གྲངས་ལ་ཁ་པར་བཏང་ནས་མིང་ཐོ་འགོད་དགོས། གསུམ་ནི་ཡུལ་དངོས་ནས་མིང་ཐོ་འགོད་ཐབས། སྤྱི་བསྒྲགས་ཀྱི་དུས་ཚོད་ལྟར་ཉེ་འགྲམ་གྱི་ས་ཚུགས་སུ་སོང་ནས་མིང་ཐོ་འགོད་དགོས།
མིག་སྔའི་བར་དུ། སྤྱི་ཕན་རང་བཞིན་གྱི་དབྱར་གནང་ཚབ་གཉེར་འཛིན་གྲྭ་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18 ལ་ཁྱབ་པར་བྱས་ནས་ཁྱོན་ཞབས་ཞུ་ས་ཚུགས86བཙུགས། འཛིན་གྲྭ146གཉེར་བཞིན་ཡོད། རྗེས་མར། དཀར་མཛེས་ཁུལ་གྱིས་མུ་མཐུད་དེ་མང་ཚོགས་ཀྱི"བྲེལ་འཚུབ་ཆེ་བའི་དཀའ་ངལ"ལ་དམིགས་ནས། སློབ་ཚན་གྱི་མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་པ་དང་། ཉེན་མེད་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱག་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10