སྲིད་ལ་ཕན་ཆེད་བློ་རིག་གཅིག་ཏུ་བསྡུས།། དམངས་ཀྱི་དོན་དུ་འགན་ནུས་ལེགས་པོར་བསྒྲུབས།།

        2025-01-06

སྲིད་ལ་ཕན་ཆེད་བློ་རིག་གཅིག་ཏུ་བསྡུས།། དམངས་ཀྱི་དོན་དུ་འགན་ནུས་ལེགས་པོར་བསྒྲུབས།། 

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལྔ་ཡིས་ཨུ་ཡོན་བརྒྱུད་ལམ་ནས་དམངས་འཚོའི་དོ་ཁུར་ལ་ལན་བསློགས།

སྤྱི་ཟླ་དང་པོའི་ཚེས3ཉིན་ལ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཚན་ཁག་གི་ཁོངས་མི་འཆི་མེད་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། གུང་གཞོན་ཚོགས་པ་འདབ་པ་རྫོང་ཨུའི་ཧྲུའུ་ཅི་ལྷ་མོ་ཆོས་འཛོམས། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། དར་མདོ་གྲོང་ཁྱེར་མཉམ་འདྲེས་འཕྲིན་སྦྱོར་ལྟེ་གནས་གཞུང་ལས་ཁང་གི་ཀྲུའུ་རེན་ཡུས་ཅོན། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན། དུང་དཀར་ལུང་པའི་ལྗོངས་ཁུལ་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པའི་ཀྲུའུ་རེན་ཧོང་ཞུས་སུང་། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཁབ་གློག་དྲྭ་སི་ཁྲོན་དཀར་མཛེས་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡིའུ་ཀྲི་ལྔ་ཡིས་གྲོང་སྡེའི་ལོ་རྒྱུས་ལས་དོན་དང་། དཔེ་ཀློག་སྲིད་གྲོས། དོན་དག་ཡོད་ན་གྲོས་མོལ་བྱེད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བཅས་ཀྱི་སྐོར་ལ་དམིགས་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བསློགས་པ་རེད།


འཆི་མེད། གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོ་ལ་བརྩོན་ནས་རིག་གནས་གདེང་ཚོད་ལ་ཤུགས་བསྣན།2022ལོའི་ཟླ་བ8པ་ནས་བཟུང་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག། རྫོང་(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་དང་། ཡུལ་ཤོག(གྲོང་རྡལ)གྲོང་སྡེ་རིམ་པ་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་འོག། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཞིང་ཆེན་སྲིད་གྲོས་གྱི“གྲོང་ཁྱེར་དང་ཁུལ་རེར་ཁྱད་ཆོས་རེ་ཡོད་པ་དང་། གྲོང་ཁྱེར་དང་ཁུལ་རེར་གྲགས་རྟགས་རེ་ཡོད་པའི”ལས་ཀའི་བླང་བྱ་ལྟར། ཁུལ་ཡོངས་ཀྱི“མཛེས་ཆེན་དཀར་མཛེས་ཁུལ•གྲོང་གསེབ་ཀྱི་དྲན་ཤེས”ཞེས་པའི་གྲོང་སྡེའི་ལོ་རྒྱུས་ཕྱོགས་བསྒྲིགས་སྒྲིག་བཟོ་ལས་དོན་སྣེ་ཁྲིད་ཤུགས་ཆེན་བྱས་ནས་སྤེལ་ཡོད། ལོ་གཉིས་རིང་ལ་འབད་བརྩོན་བྱས་པར་བརྒྱུད། ད་སྔའི་བར་གྲོང་སྡེའི་ལོ་རྒྱུས594སྒྲིག་བཟོ་བྱེད་པའི་ལས་འགན་གྲུབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ལས“ཁ་འབྲལ་ཐབས་མེད་པ་ལྔ”མཚོན་ཡོད། གཅིག་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་ཁ་འབྲལ་ཐབས་མེད། གཉིས་ནི་རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་ཁ་འབྲལ་ཐབས་མེད། གསུམ་ནི་སྲིད་གྲོས་ཁོངས་གཏོགས་ཀྱི་ཞིབ་ཕྲའི་ལས་ཀ་དང་ཁ་འབྲལ་ཐབས་མེད། བཞི་ནི་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་ནན་པོ་བྱས་ནས་འགག་སྒོ་དམ་འཛིན་བྱེད་པ་དང་ཁ་འབྲལ་ཐབས་མེད། ལྔ་ནི་སྒྲིག་བཟོ་མི་སྣས་བརྩེ་སེམས་ཆེན་པོ་འབུལ་བ་དང་ཁ་འབྲལ་ཐབས་མེད། ལོ་གཉིས་དང་ཕྱེད་ཀའི་ནང་གྲོང་སྡེའི་ལོ་རྒྱུས་བརྩམས་ཆོས594ལེགས་གྲུབ་བྱུང་ཞིང་། སྒྲིག་བཟོ་པ་ཡོངས་ཀྱིས་སེམས་ཤུགས་འབོར་ཆེན་འབུལ་ཞིང་ཉམས་མྱོང་འབོར་ཆེན་གསོག་ཐུབ་ཡོད། དཀར་མཛེས་རྫོང་གིས་ཀྲུའུ་ཞིས་སྡེ་ཁུལ་འགན་གཙང་ལེན་པའི་ལམ་ལུགས་དང་། ཟླ་རེའི་བརྡ་ཁྱབ་ལམ་ལུགས། ཁ་ཆད་བྱེད་པའི་ལམ་ལུགས། ཞིབ་བཤེར་ཐེངས་གསུམ་དང་ཞུས་དག་ཐེངས་གསུམ་གྱི་ལམ་ལུགས་བཅས་ལག་ལེན་བསྟར་ནས2024ལོའི་ལོ་མཇུག་ཏུ་གྲོང་སྡེ194ཡི་གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོའི་ལས་འགན་ཁྱོན་ཡོངས་ནས་གྲུབ་སྟེ་ཁུལ་ཡོངས་ཀྱི་སྒྲིག་བཟོ་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བའི་རྫོང་དང་པོར་གྱུར་ཡོད། འབའ་ཐང་རྫོང་གིས“ཡུལ་དེ་གའི་མིས་རང་ཡུལ་གྱི་གནས་ཚུལ་འབྲི་བའི”བྱ་ཐབས་སྤྱད་དེ་རྫོང་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྫོང་རྩོམ་པ་པོའི་མཐུན་ཚོགས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྲོལ་རྒྱུན་གྲོང་སྡེ18བདམས་ནས་སྔོན་ལ་བསྐྲུན་པས། སྤུས་ལེགས་ཐོན་རྫས་དང་གྲོང་སྡེ་དཀྱུས་མ་གཉིས་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་ཡོད། དར་མདོ་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་གཙོ་གནད་དུ་བྱས་ནས་གསར་དར་འཕྲིན་སྦྱོར་སྤྱད་དེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་སློང་བྱས་ནས་གྲོང་སྡེའི་ལོ་རྒྱུས་མཉམ་དུ་བཤད་པ། རྫོང་གཏོང་སྦྱོར་ལྟེ་གནས་སུ《གྲོང་སྡེའི་གནས་ཚུལ་བཤད་པ་དང་། གྲོང་སྡེའི་ལོ་རྒྱུས་འགྲེམས་སྟོན། རིག་གནས་དར་རྒྱས་གཏོང་བ》ཞེས་པའི་ལེ་ཚན་གསར་གཏོད་བྱས་པས་རྒྱ་ཆེ་བའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད། ལྕགས་ཟམ་རྫོང་གིས་ཡི་གེའི་ཆུ་ཚད་ཅུང་མཐོ་བ་དང་གྲོང་སྡེ་དེའི་དཔལ་འབྱོར་སྤྱི་ཚོགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཤེས་པའི་“ཤེས་རྟོགས་པ”30གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོ་འགན་ཁུར་བ་རུ་གདན་དྲངས་པ་དང་། རིག་གནས་ལོ་རྒྱུས་ཆེད་རམས་པ10ལྷག་གདན་དྲངས་པ། རིག་གནས་ལོ་རྒྱུས་རིགས་གཅིག་མཁས་ཅན་མཛོད་བསྐྲུན་ནས་གྲོང་སྡེའི་ལོ་རྒྱུས་ཁག52སྒྲིག་བཟོའི་ལས་དོན་གྲུབ་པ་རེད། འདབ་པ་རྫོང་གིས་གྲོང་སྡེའི་ལོ་རྒྱུས་དང་གྲོང་སྡེའི་ལོ་རྒྱུས་ཁང་འཛུགས་སྐྲུན་ཟུང་འབྲེལ་བྱས་ཡོད། གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོའི་སྤུས་ཚད་འགན་ལེན་བྱ་ཆེད། རིམ་པ་གསུམ་གྱིས་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་ཕྱི་ནས་ཆེད་ལས་མི་སྣ2གདན་ཞུ་བྱས་ནས་བསྐྱར་ཞིབ་བྱས་པ་དང་། ཁྱོན་བསྡོམས་པས་དཔྱད་ཞིབ་ཚོགས་འདུ་ཐེངས5འཚོགས་ཤིང་གྲོང་སྡེ་དང་སྤྱི་ཁུལ62ཡི་གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོ་ལས་དོན་གྲུབ་པར་མ་ཟད། གྲོང་སྡེ6ཡི་ལོ་རྒྱུས་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་རེད། དཔལ་ཡུལ་རྫོང་གིས་གྲོང་སྡེའི་ལོ་རྒྱུས་ཁག39སྒྲིག་བཟོ་ལས་འགན་གྲུབ་ཡོད། གྲོང་སྡེའི་ལོ་རྒྱུས་ཁག39དེ་དག་གི་རྒྱན་སྤྲས་མཛེས་ཞིང་ནང་དོན་ཞིབ་ཕྲ་ཡིན་པས། ཀློག་རུང་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། དེ་མིན་རྫོང་ཁག་ཚང་མས་གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོ་བྱེད་རིང་ཤུགས་གང་ཡོད་བཏོན་ནས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཉམས་མྱོང་འཚོལ་ཞིབ་ཐུབ་ལ་ཁྱད་ཆོས་ཐོན་ཡོད། སླད་ཕྱིན་དུ་ང་ཚོས་མུ་མཐུད་དེ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྩོམ་བཟོའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན། གཅིག་ནི་གྲོང་ཚོའི་ལོ་རྒྱུས་ལྷག་མ400ལྷག་སྒྲིག་བཟོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཚོའི་ལོ་རྒྱུས་དེབ1000ཡི་སྒྲིག་བཟོའི་ལས་འགན་སྤུས་འབོར་གཉིས་ལྡན་ངང་འགྲུབ་ཐུབ་པ་བྱ་རྒྱུ་ཡིན། གཉིས་ནི་ད་ཡོད་གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོ་བྱས་པའི་རྨང་གཞིའི་ཐོག་ཞིབ་བཤེར་ནན་པོ་དང་ཡང་ཞིབ་བསྐྱར་ཞིབ་བྱས་ཏེ་སྤུས་ལེགས་གྲོང་སྡེའི་ལོ་རྒྱུས་ཀྱི་གྲངས་འབོར་མང་དུ་གཏང་རྒྱུའི་ཁག་ཐེག་བྱ་རྒྱུ་ཡིན། གསུམ་ནི་གྲོང་སྡེའི་ལོ་རྒྱུས་སྒྲིག་བཟོའི་གྲུབ་འབྲས་བསྒྱུར་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན།།


ལྷ་མོ་ཆོས་འཛོམས། དཔེ་ཀློག་ལ་གོམས་སུ་བཅུག་ནས་འགན་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་།“གཞི་འཛུགས་པར་སློབ་གཉེར་གལ། སློབ་གཉེར་བྱེད་པར་དཔེ་ཀློག་གཙོ” ཞེས་པ་སྟེ། ཚན་རྩལ་འཕེལ་རྒྱས་དང་སྣ་མང་རིག་གནས་རྒྱ་ཁྱབ་མཉམ་འདྲེས། ཆ་འཕྲིན་ཅན་དང་ལེན་སྟབས་བདེ་བའི་དུས་རབས་འདིར།ང་ཚོའི་ངོས་ནས་བཤད་ན་དཔེ་ཀློག་ནི་དོན་སྙིང་ལྡན་ལ་རིན་ཐང་ལྡན་པ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཁུལ་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་དོན་དཔེ་ཀློག་དང་ལག་ལེན་བྱེད་སྒོའི་བླང་བྱ་ལྟར།“དཔེ་ཀློག་ལ་གོམས་པའི་སྲིད་གྲོས་དང་སྤྲོ་དགས་ཁེངས་པའི་དཀར་མཛེས”ཞེས་པ་དེ་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོའི་འགན་ནུས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེར་བརྩིས་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱིས“བསམ་བློ་གསར་པར་སློབ་སྦྱོང་དང་། ལས་འགན་གསར་པ་ལག་ལེན། རྒྱང་བསྐྱོད་གསར་པར་འབད་བརྩོན་བཅས་ཀྱི་གཙོ་དོན་དཔེ་ཀློག་དང་ལག་ལེན་བྱེད་སྒོ་མཐར་ཕྱིན་སྤེལ་བ་དང་། དཔེ་ཀློག་བྱེད་སྒོ་དེ་ཨུ་ཡོན(ལས་བྱེད་པ)ཐུན་མོང་ཐོག་མཐོར་འདེགས་གཏོང་བའི“འཆད་སྟེགས་ཆེན་པོ”དང་། འགན་བསྒྲུབ་ནུས་འདོན་གྱི“གར་སྟེགས་ཆེན་པོ”བཅས་སུ་འགྱུར་བར་བྱས་ཡོད། འདབ་པ་རྫོང་སྲིད་གྲོས་ཀྱིས་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་གཙོ་དོན་དཔེ་ཀློག་དང་ལག་ལེན་བྱེད་སྒོའི་བླང་བྱ་གཞིར་བཟུང་ནས“དཔེ་ཀློག་ལ་གོམས་པའི་སྲིད་གྲོས”གཙོ་དོན་དཔེ་ཀློག་ལག་ལེན་བྱེད་སྒོ་དེ “ངེས་སྦྱོང་སློབ་ཚན”དུ་བརྩི་རྒྱུ་མཐའ་འཁྱོངས་ཏེ“དཔེ་ཀློག་ལ་གོམས་པའི་སྲིད་གྲོས•རིག་གནས་ཀྱི་ཕྱུག་པའི་འདབ་པའི”གྲགས་རྟགས་བཏོད་པའི་རྨང་གཞིའི་ཐོག།“ཆབ་སྲིད་དཔེ་ཆ་གླིང”གཞི་སྟེགས་སུ་བྱས་ཏེ་དྲྭ་ཐོག་དང་དྲྭ་ཕྱི་ནས“དཔེ་ཀློག་དང་འགན་སྒྲུབ”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ལོ་གཅིག་གི་རིང་ལ“དཔེ་ཀློག་ལ་གོམས་ནས་ཡུལ་སྡེ་གསོ་བ་དང་། ཆབ་སྲིད་ཀྱིས་ཡུལ་སྡེ་དར་རྒྱས་ལ་འདེགས་སྐྱོར་བྱེད་པ”གྲོང་སྡེར་སྤེལ་བའི་བྱེད་སྒོ་སྤེལ་ནས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་བྱ་ཆེད་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ30ལྷག་བསྡུས་པ་དང་གཞི་རིམ་མང་ཚོགས་ལ་ལས་དོན20ལྷག་བསྒྲུབས་ཡོད། ཡུས་ཧང་ཆུས་སྲིད་གྲོས་ཀྱིས“རི་མཚོའི་བརྩེ་དུང་མཉམ་དུ་སྐྲུན། དཔེ་ཆའི་དྲི་ཞིམ་སྤྱི་ལེ་སྟོང་ལ་ཁྱབ”ཅེས་པའི་དཔེ་ཀློག་གི་མཛའ་མཐུན་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། འདབ་པ་དང་ཀྲི་ཅང་ཡུས་ཧང་ས་ཁུལ་གཉིས་ཀྱི་ལྟ་ཀློག་མི་གྲངས་ཁྲི12ལྷག་དང་བསྟོད་བསྔགས་བྱེད་ཐེངས་ཁྲི30ལྷག་ལ་ཟིན་ཡོད། “དཔེ་དེབ་ནས་བྱུང་ཤེས་བྱ་ཡོན་ཏན་དེ།། རྒྱུད་ལ་འཇགས་པར་ལག་ལེན་དངོས་ལ་རག” ཅེས་པ་ལྟར། འགན་སྒྲུབ་ཐད་ནས་དཔེ་ཀློག་གི་དོན་སྙིང་ཤེས་ཀྱི་ཡོད། ང་ཚོས་སློབ་སྦྱོང་ཁྲོད་ཡུལ་སྡེ་དར་རྒྱས་ཀྱི་གྲུབ་འབྲས་དཔེ་མཚོན་འཚོལ་ཞིབ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསར་གཏོད་ཐབས་ལམ་ལ་བསམ་བློ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བའི་བྱ་ཐབས་ནུས་ལྡན་ལ་ཞིབ་འཇུག་བཅས་བྱེད་ཀྱི་ཡོད། དུས་མཉམ་དུ་ང་ཚོས་དཔེ་ཀློག་བྱེད་སྒོ་དང་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་དུ་འབྲེལ་ནས་ཡུལ་མིའི་ཁྱིམ་དུ་བརྟག་ཞིབ་སོགས་བྱས་ཏེ་དམངས་ཀྱི་འབོད་སྒྲ་དང་རེ་སྒུག་དེ་ཨུ་ཡོན་གྱི་འགན་སྒྲུབ་ལ་བརྩིས་ཏེ་འགན་འཁྲིའི་བསམ་པའི་ཐོག་ནས་དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པའི་བསམ་འཆར་དང་ཐབས་ཇུས་འདོན་པ་དང་། རང་ཉིད་ཀྱི་གྲོས་འཆར་རེ་རེ་དང་གྲོས་འགོ་རེ་རེ་དེ་ཏང་སྲིད་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་ལ་དམིགས་ནས་བཏོན་པ་ཡིན་ཞེས་བཤད།།


2024ལོར་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་བཀོད་སྒྲིག་བླང་བྱ་ལྟར།“དོན་དག་ཡོད་ན་གྲོས་མོལ་བྱེད་པ”དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་རོགས་རམ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཏེ། ལས་ཀ་བྱེད་ཡུལ་མདུན་ཕྱོགས་སུ་སྤོ་རྒྱུར་སྐུལ་འདེད་བཏང་བ་དང་བསྒྱུར་བཅོས་གསར་གཏོད་ལ་སེམས་ཐག་བཅད་དེ་དུས་རབས་གསར་པའི་དར་མདོ་སྲིད་གྲོས་གྱི“དོན་དག་ཡོད་ན་གྲོས་མོལ་བྱེད་པ”ཡི་རིམ་པ་སྤར་ནས་གཞི་རིམ་དམངས་གཙོའི་གྲོས་མོལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།     གཅིག་ནི་ཚད་ལྡན་ཁྲིད་སྟོན་མཐའ་འཁྱོངས་ནས་གྲོས་མོལ་སྟེགས་བུ་རིམ་འཇུག་རིམ་སྤར་བྱས། སྲིད་གྲོས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་སྲིད་གྲོས་ཨུ་ཡོན139སྡེ་ཁུལ4ཡི་འགན་སྒྲུབ་ཚོ་ཆུང་དུ་བཙུད་དེ་གཞི་རིམ་རྩ་འཛུགས་དང་མང་ཚོགས་ལ་དཀའ་ངལ་བཟོ་བའི་དོན་དག་ཆེ་ཆུང་ལ་དོ་སྣང་བྱས་ཏེ། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གཞི་རིམ་གྱི་གནས་ཚུལ་ངོ་མ་ཤེས་རྟོགས་དང་མང་ཚོགས་ཀྱི་རེ་འདུན་ངོ་མ་ཁོང་དུ་ཆུད་པ། དོན་ཆུང་དངོས་སུ་སྒྲུབ་པ་དང་དོན་དངོས་ལེགས་པར་སྒྲུབ་པར་བརྩོན་ལེན་བྱས་ཏེ། གྲོས་མོལ་སྲིད་གྲོས་ཀྱི་སྤུས་ཚད་དང་ལས་འགན་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་སྒོར་ཁྲི20ལྷག་བཏང་ནས་གྲོང་ཁྱེར་རིམ་པའི“དར་མདོར་དམིགས་པའི་གྲོས་མོལ”སྟེགས་བུ་རིམ་སྤོར་བྱས་ཏེ། གྲོས་མོལ་དོན་གྲོས་བྱེད་སྒོ་ལ་ལྟ་ཞིབ་དང་བརྙན་ལམ་མཉམ་སྤྱོད། ཉམས་མྱོང་སྤེལ་རེས་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་སྲིད་གྲོས་དང་ཨུ་ཡོན། མང་ཚོགས་བཅས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་སྟེ། གྲོས་མོལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད། ཕན་ནུས་བཅས་སྔར་བས་རྒྱ་སྐྱེད་བཏང་ཡོད།     གཉིས་ནི་དོན་འཁྱོལ་དང་མཐོར་འདེགས་རྒྱུན་འཁྱོངས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་ཤུགས་ཡོད་རྒུས་བསྐུལ་ཡོད། ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བ་དང་གནས་ལུགས་དང་མཐུན་ཞིང་ལུགས་མཐུན་ཡིན་པ།  སེམས་པ་དང་བརྩེ་བ་བཅས་གྲོས་མོལ་གྱི་བར་ཚིགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་ཁྱབ་པར་བྱེད་ཅིང་། ཏང་སྲིད་ཀྱི་དོན་དག་གལ་ཆེན་དང་དམངས་འཚོ་ལེགས་སུ་གཏོང་བའི་དོན་དངོས་དང་། སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་བཅས་ལ་དམིགས་ཏེ། ལོ་ཧྲིལ་པོར་གྲོས་འཆར68བསྡུས་པ་དང་། གྲོས་མོལ་བྱེད་སྒོ་ཆུང་ཆུང་ཐེངས72སྤེལ་བ། དམངས་འཚོ་གནད་དོན51ཐག་བཅད་ཡོད། དཔེར་ན། གནས་ཚང་དང“རྡལ་པའི”ལས་རིགས་ཀྱི་ཚད་ལྡན་དོ་དམ་ལ་དམིགས་ནས་གྲོས་མོལ་ཆུང་ཆུང་བྱས་ཤིང་། འབྲེལ་ཡོད་དོ་དམ་བྱེད་ཐབས་འདོན་པར་བསྐུལ་ཏེ། ལས་རིགས་ཚད་ལྡན་ཅན་ཡོང་བར་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལམ་ལུགས་ཀྱི་འགན་སྲུང་སྤྲད་ཡོད། གཞིས་ཁུལ་དོ་བདག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཡུལ་སྡེའི་འགྲོ་ལམ་བདག་སྐྱོང་སོགས་གྲོས་འཆར་ལ་དམིགས་ནས་གྲོས་མོལ་བྱས་ཏེ་མང་ཚོགས་ཞུགས་པའི་འདུ་ཤེས་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་པ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་ཕྱིན་ཡོད།      གསུམ་ནི་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་གཙོའི་གྲོས་མོལ་རྨང་གཞི་བརྟན་དུ་བཏང་ཡོད། རྟོག་ཞིབ་དང་འཚམས་འདྲི། ཚོགས་འདུ་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོས་མོལ་འདུ་ཤེས་དྲིལ་བསྒྲགས་མཐར་ཕྱིན་བཏང་ནས་མང་ཚོགས་ཀྱི་དམངས་གཙོ་གྲོས་མོལ་ཤེས་རྟོགས་དང་རྒྱུས་ལོན་ཆེ་རུ་བཏང་བ་དང་ཆབས་ཅིག་གཙོ་རྒྱུན་འཕྲིན་སྦྱོར་དང་མཉམ་ལས་ཧུར་ཐག་བྱས་ཏེ་གྲོས་མོལ་ལག་ལེན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་ཐུན་མོང་ངོས་འཛིན་གྱི་ཤུགས་རྐྱེན་རྒྱ་ཆེར་བཏང་བ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད།2024ལོར་འབྲེལ་ཡོད་གནས་ཚུལ20ལྷག་བསྒྲགས་ནས་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་དང་གདེང་འཇོག་བཟང་པོ་ཐོབ་ཡོད།    ཕྱིད་ཆད་དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་མུ་མཐུད་དེ་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ནས་གཞི་རིམ་སྲིད་གྲོས་ཀྱི་མང་ཚོགས་དང་འབྲེལ་གཏུག་དང་ཞབས་འདེགས་མང་ཚོགས་ཀྱི་སར་དངོས་སུ་བསླེབ་དཀའ་བའི་གནད་དོན་བསལ་ཏེ། དར་མདོ་ལ་དམིགས་པའི་གྲོས་མོལ”གྱི་གྲགས་རྟགས་མི་ཚང་མས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན།།

ཧོང་ཞུས་སུང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པའི་ཁྲོད་དུ་སྲིད་གྲོས་ཀྱི་བྱས་རྗེས་མངོན་དགོས།    ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྩ་བ་དང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགྲོ་ལམ་ཉག་ཅིག་ཀྱང་ཡིན། དེར་བརྟེན། ངེས་པར་དུ་མི་རིགས་ཁག་བར་གྱི་འགྲོ་འོང་དང་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་དགོས་པ་དང་། མི་རིགས་ཁག་བར་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་པར་སྐུལ་འདེད་བཏང་སྟེ། དབུགས་ལམ་གཅིག་མཐུན་དང་ལས་དབང་མཉམ་འབྲེལ། སེམས་པ་གཅིག་མཐུན་བཅས་དངོས་གནས་ཡོང་བ་བྱ་དགོས།     ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ངས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བ་དེ་ལས་འགན་སྒྲུབ་པའི་ལས་ཀའི་ཕྱོགས་ཁག་དང་། བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་ཏེ་མིག་མཐོང་ལག་ཟིན་ཐུབ་པའི་ལས་དོན་བསྒྲུབས་པར་མ་ཟད།“ཤོག་གུ་སྣུམ་ཟོས”ཀྱི་བྱ་བ་ཡང་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པའི་ཁྲོད་དུ་བྱས་རྗེས་གསར་པ་དང་འགན་འཁྲི་གསར་པ་མངོན་པ་ཡིན། གཅིག་ནི་ཆོས་དད་མང་ཚོགས་སྒྲིག་འཛུགས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་པའི་དོན་སྙིང་དང་གལ་ཆེའི་རང་བཞིན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཆོས་དད་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བར་ངོས་འཛིན་སྔར་བས་ཆེ་རུ་བཏང་སྟེ།ཆོས་དད་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་སློང་བ་དང་མི་རིགས་ཀྱི་སྤོབས་པ་དང་ཡིད་ཆེས་བཅང་དུ་བཅུག་ཡོད།  གཉིས་ནི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ་དང་ཆོས་ལུགས་དད་མོས་མང་ཚོགས་བར་གྱི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། མཐུན་སྒྲིལ་ལ་མི་ཕན་པའི་སྐད་ཆ་མི་བཤད་པ་དང་། མཐུན་སྒྲིལ་ལ་མི་ཕན་པའི་བྱ་བ་མི་སྒྲུབ་པ་ནན་བཤད་བྱས་ནས། ཆོས་ལུགས་དད་མོས་བྱེད་མཁན་མང་ཚོགས་ལ་སློབ་གསོ་ཧུར་ཐག་བྱེད་པ་དང་། འཆམ་མཐུན་མཉམ་གནས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཆོས་ལུགས་མི་འདྲ་བའི་མི་རིགས་བར་གྱི་མཐུན་སྒྲིལ་ལེགས་པོར་ཡོང་བ་དང་། ཆོས་དད་པ་དང་ཆོས་ལུགས་མི་དད་པའི་སྤྱི་དམངས་བར་གྱི་མཐུན་སྒྲིལ་ལེགས་པོ་ཡོང་བ་བྱས་ཏེ་ཕན་ཚུན་གྱི་དད་མོས་དང་། རིན་ཐང་འདུ་ཤེས། འཚོ་བ་སྐྱེལ་སྟངས་བཅས་ལ་བརྩི་འཇོག་བྱ་དགོས།     སླད་ཕྱིན་འགན་འཁྲི་སྒྲུབ་པའི་ལས་ཀའི་ཁྲོད་ངས་སྔར་རྒྱུན་ལྟར་རང་ཉིད་དངོས་སུ་ལག་ལེན་ཁྲོད་དུ་ཞུགས་པ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་ཡོང་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་དང་རྒྱལ་ཁབ་དང་སེམས་མཐུན་དང་ཕྱོགས་མཐུན། སྤྱོད་མཐུན་བྱ་རྒྱུ་ཡིན།།

ལིའུ་ཡིའུ་ཀྲི། ལྷག་བསམ་ཟོལ་མེད་ཀྱིས་རང་འགན་བསྒྲུབས་ནས་གློག་ཤུགས་ལས་དོན་ལེགས་སུ་བཏང་།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལག་ལེན་ལ་མཉམ་དུ་བསྐུལ་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ཁུལ་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་ལེན་བསྟར་བ་དང་། ཨུ་ཡོན་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་འཛུགས་པར་དམིགས་ཏེ།  བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་པ་དང་ཐབས་འདོན་ཇུས་འདོན། དོན་དངོས་དོན་གཉེར། གནས་ཚུལ་དངོས་ཞིབ་བཤེར། བྱེད་ཐབས་དངོས་འདོན་པ། དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་འབད་བརྩོན་བྱས་ཡོད།     གློག་ཤུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན། འགག་རྩའི་འདེགས་སྐྱོར་བཅས་ཡིན་ལ། རྒྱལ་ཁབ་ཀྱི་རྨང་གཞིའི་ནུས་ཁུངས་ཀྱང་ཡིན། ང་རང་གློག་ཤུགས་ཁོངས་གཏོགས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རྒྱ་ཆེ་བའི་གློག་ཤུགས་ལས་མི་དང་མཉམ་དུ་ནུས་ཁུངས་ཁུལ་འཛུགས་སྐྲུན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གློག་ཤུགས་ཕྱི་འདྲེན་བགྲོད་ལམ་འཛུགས་སྐྲུན་ལ་བསྐུལ་ཡོད། ད་ལོ་སི་ཁྲོན་དང་ཁྲུང་ཆིན་སྟོང་ཝོལ1000དང་འབྲི་ཆུའི་སྟོད་རྒྱུད་སྟོང་ཝོལ800ཡི་མཐོ་གནོན་གློག་འདྲེན་ལས་གྲྭ་འཛུགས་སྐྲུན་གྱི་ཁྲོད་དུ་དར་མདོ་དང་བྲག་མགོ། དཀར་མཛེས། དཔལ་ཡུལ་སོགས་གྲོང་ཁྱེར་དང་རྫོང་བཅུ་གཅིག་གི་སྲིད་གཞུང་དང་མཉམ་དུ་གློག་ཤུགས་མཁོ་སྤྲོད་འགན་ལེན་དང་ཉེན་ཁ་དོ་དམ། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་སོགས་ཀྱི་ལས་འགན་ཁག་ལེགས་གྲུབ་བྱས་ཏེ། རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་དུ་རང་ཉིད་ཀྱི་སྟོབས་ཤུགས་བྱས་རྗེས་སུ་ཕུལ་ཡོད། ཟླ་བ་སྔོན་མར་སི་ཁྲོན་དང་ཁྲུང་ཆིན་སྟོང་ཝོལ1000ཡི་མཐོ་གནོན་གློག་འདྲེན་ལས་གྲྭ་བདེ་བླག་ངང་སྤྱོད་མགོ་ཚུགས་པ་དང་། རང་ཁུལ་གྱི་ནུས་ཁུངས་ཕྱི་སྐྱེལ་ནུས་པ་སྟོང་ཝོལ་ཁྲི600མཐོ་རུ་ཕྱིན་ཡོད། སང་ལོའི་ལོ་སྟོད་དུ་འབྲི་ཆུའི་སྟོད་རྒྱུད་སྟོང་ཝོལ800ཡི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ་བཀོལ་སྤྱོད་བྱེད་འགོ་འཛུགས་ཐུབ་པར་བྱས་ནས། རང་ཁུལ་གྱི་གློག་ཤུགས་ཕྱི་འདྲེན་ནུས་པ་སྟོང་ཝོལ་ཁྲི800ཆེ་རུ་གཏང་རྒྱུ་རེད།    “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་ལ་རྒྱལ་ཁབ་གློག་དྲྭ་ཡིས་དཀར་མཛེས་ཁུལ་དུ་སྒོར་དུང་ཕྱུར180བཏང་ནས་གྲོང་ཡུལ་དང་གྲོང་རྡལ་གྱི་གློག་དྲྭ་ལེགས་སུ་གཏོང་བ་དང་གྲོང་སྡེའི་གློག་དྲྭ་སྲ་བརྟན་དུ་བཏང་ཡོད།     2025ལོ་ནི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་བསྐུལ་བའི་ལོ་གལ་ཆེན་ཞིག་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལག་བསྟར་མཇུག་བསྡུའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་འབད་བརྩོན་བྱེད་པའི་ལོ་ཡང་ཡིན། དུས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པའི་མདུན་དུ་ངས་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་མུ་མཐུད་དེ་ཇེ་ཆེར་གཏོང་བ་དང་། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།     གློག་ཤུགས་མཁོ་སྤྲོད་འགན་ལེན་ལ་དམིགས་ནས་ཕྱོགས་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནི་གློག་དྲྭ་འཆར་འགོད་འཛུགས་སྐྱོང་ཡག་པོ་བྱ་དགོས། གཉིས་ནི་ནུས་ཁུངས་གཙང་མ་ཕྱི་སྐྱེལ་ལ་ཞབས་ཞུ་ཡག་པོ་བསྒྲུབ་དགོས། གསུམ་ནི་གློག་ཤུགས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏང་དགོས།

ལྷ་འཛོམས་དང་བདེ་སྐྱིད། མིག་དམར། ཀུན་དགའ། བདེ་ཆེན་བཅས་ཀྱིས་བསྒྱུར། རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:གྲངས་ཀའི་ཐོག་ནས་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་གྱི2024ལོའི་གྲུབ་འབྲས་ལ་བལྟས་པ།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་སྐབས14པའི་གྲོས་ཚོགས་ཐེངས4པ་འཚོག་པའི་ཆེད་བརྗོད།
  • དོ་སྣང་ཆེ་བའི་རྩོམ།