ཞི་ཅིན་ཕིང་གིས་རུལ་རྒོལ་འཐབ་རྩོད་སྐོར་ནན་གསུང་འདི་ལྟར་གནང་།

མཁས་གྲུབ་ཀྱིས་བསྒྱུར།        2022-06-21

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཐོག“རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་རུང་བ། བྱེད་མི་བསམ་པའི”ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལས་ཕྱོགས་ཡོངས་ནས་རྒྱལ་ཁ་བླང་དགོས་ཞེས་ནན་གསུང་གནང་།


    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ6ཚེས18ཉིན་གློག་འཕྲིན་འབྱོར་གསལ།སྤྱི་ཟླ6ཚེས17ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བར་དམིགས་ནས་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རུལ་རྒོལ་འཐབ་རྩོད་དེ་དམངས་སེམས་དང་འབྲེལ་བའི་ཆབ་སྲིད་ཆེ་ཤོས་ཡིན་ཞིང་།དེ་ནི་ཕམ་མི་ཕོད་ལ་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་རེད།དུས་བབ་གསར་པའི་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་བསམ་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླང་དགོས་ཞེས་ནན་གསུང་གནང་།

    ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱོད་དོན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་མེ་ཕིང་གིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་ནས་ལས་ཀའི་གྲོས་འགོ་བཏོན་པ་རེད།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ལ་ནན་ཏན་གྱིས་ཉན་པ་དང་འབྲེལ་གྲོས་བསྡུར་ཡང་བྱས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ང་ཚོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཉམས་མྱོང་གལ་ཆེན་བསགས་ཡོད་པ་སྟེ།གཅིག་ནི་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་རྣམ་པ་ཆགས་ནས་ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་དང་།རིམ་ཁག་ཏང་ཨུའི་གཅིག་གྱུར་བཀོད་འདོམས།སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་འཛུགས་དང་མཐུན་སྦྱོར། འགན་ནུས་སྡེ་ཚན་གྱི་ལས་ཆོད་ཆེ་བའི་མཉམ་ལས། མི་དམངས་མང་ཚོགས་ཞུགས་ནས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རུལ་རྒོལ་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གཉིས་ནི་ཡན་ལག་བཅོས་པ་ནས་འགོ་བརྩམས་ཏེ་རྩ་བ་བཅོས་པ་དེ་ཡན་ལག་བཅོས་པའི་ནང་དུ་བཅུག་སྟེ།ཏང་མི་ལས་བྱེད་པས་བཀུར་ཞིང་སྐྲག་པའི་དབང་གིས“མི་ཕོད་པ”དང་། ལམ་ལུགས་ཀྱི་དབང་གིས“མི་རུང་བ།”གོ་རྟོགས་སད་པའི་དབང་གིས“མི་བསམ་པ”བཅས་བྱུང་ཡོད།  གསུམ་ནི་ཐོག་མཐའ་བར་གསུམ་དུ་དམ་ནན་གྱི་རྩ་བའི་བསམ་གཞི་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་།བཟོད་སྒོམ་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་བཅད་དེ་བློ་བརྟན་འགྱུར་མེད་ངང་འཕར་ཚད་མང་དུ་སོང་བ་གཏན་འགོག་དང་བསགས་ཚད་ཉུང་དུ་གཏོང་ཞིང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོ་བ་དང་།ཏང་གི་སྲིད་འཛིན་རྨང་གཞིར་གནོད་འཚེ་ཚབས་ཆེན་གཏོང་བའི་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཆད་གཅོད་ནན་པོ་བྱེད་པ། ཏང་ལ་མངོན་བརྩི་ལྐོག་འགལ་གྱི་མགོ་གཉིས་མ་དང་རུལ་སུངས་བྱེད་མཚམས་མི་འཇོག་པའི་རུལ་སུངས་མི་སྣ་མཐའ་གཅིག་ཏུ་མེད་པ་བཟོ་བ། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བའི་རྣམ་འགྱུར་མི་འགྱུར་བ་དང་། ཆོད་སེམས་མི་འགྱུར་བ། ཚད་གཞི་མི་ལྷོད་པ་བྱེད་པ་བཅས་བྱས་ཡོད། བཞི་ནི་རུལ་སུངས་འགོག་བཅོས་ལམ་ལུགས་ཀྱི་གཟེབ་དམ་དུ་བཏང་ནས་ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་མ་ལག་ཆ་ཚང་ཞིག་ཆགས་པ་དང་།ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་ཆེ་རུ་ཕྱིན་པ། གཅིག་ཉེས་བརྒྱ་ཉེས་སུ་སོང་བར་སྔོན་འགོག། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་མཉམ་སྦྲེལ། ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ཡོང་བའི་འགན་ལེན་ཏན་ཏིག་ཐུབ་ཡོད། ལྔ་ནི་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་ཆུ་རགས་བསྐྲུན་པ་དང་།ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ། སྲོལ་རྒྱུན་རིག་གནས་ཕུལ་བྱུང་གིས་བསམ་བློ་དང་ཀུན་སྤྱོད་ལེགས་སུ་གཏོང་བ། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ་དང་།བསམ་བློའི་བླ་སྲོག་སྲ་མོར་བཟོ་བ། བསམ་བློ་དང་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ་བཅས་བྱས་ཡོད། དྲུག་ནི་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་བཏང་བ།ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པ་དང་།གཞུང་ཞབས་པར་ལྟ་ཞིབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པ།ཏང་གིས་རང་ངོས་ལ་ལྟ་སྐུལ་དང་མང་ཚོགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་ཤེས་རྟོགས་དང་།དག་ཐེར་ལ་སྐུལ་འདེད།བསྒྱུར་བཅོས་ལ་སྐུལ་འདེད།ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་མི་ལས་བྱེད་པས་དབང་ཆ་དྲང་གཞག་སྤྱོད་པ་དང་།ཁྲིམས་ལྟར་དབང་ཆ་སྤྱོད་པ།སྤྱོད་གཙང་ངང་དབང་ཆ་སྤྱོད་པ།དམངས་དོན་དུ་དབང་ཆ་སྤྱོད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།

     ཞི་ཅིན་ཕིང་གིས་རུལ་སུངས་ནི་ཏང་ནང་ཁུལ་གྱི་རྒྱུ་རྐྱེན་ངན་པ་སྣ་ཚོགས་ཡུན་རིང་བསགས་ནས་ཐོན་པའི་མཚོན་ཚུལ་ཞིག་རེད།རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་བཟོ་བའི་ནད་གཞི་སྣ་ཚོགས་དང་འཐབ་རྩོད་བྱེད་པ་ལ་ཟེར་བ་རེད། འཐབ་རྩོད་དེ་རིགས་ནི་རྙོག་འཛིང་དང་དཀའ་ཚེགས་ཧ་ཅང་ཆེ་བ་ཞིག་ཡིན་པས་གཟུར་བཤོལ་དང་འོས་མེད་འགྲིག་ཐབས་གཏན་ནས་བྱེད་མི་རུང་བ་དང་། ངེས་པར་དུ་གནད་དོན་ལ་གདོང་ལེན་བྱེད་ཕོད་པའི་བློ་སྤོབས་དང་གྲི་དངོ་ནང་ལ་ཕྱོགས་པའི་བློ་རྩ་བརྟན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དུག་སྐྲན་མཐའ་གཅིག་ཏུ་འགོག་པ་དང་།དུག་ཁུངས་གཙང་བཅོས།དུག་རྒྱུན་གཙང་སེལ་བཅས་བྱས་ཏེ་ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བའི་སྒོ་ནས་གསར་བརྗེའི་རི་ཀླུང་གི་ཚོན་མདོག་ནམ་ཡང་མི་འགྱུར་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་།

    ཞི་ཅིན་ཕིང་གིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་སྟེ་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་མོད།འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་ཡིན།ང་ཚོས་རུལ་སུངས་ཀྱི་ངན་རེངས་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ཚོད་དཔག་དམའ་པོ་གཏན་ནས་བྱེད་མི་རུང་། ངེས་པར་དུ་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པར་བྱ་དགོས།རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་བསམ་པ་བཅས་མཉམ་དུ་སྐུལ་འདེད་གཏོང་བར་ངེས་པར་དུ་དུས་གཅིག་ཏུ་ཤུགས་རྒྱག་པ་དང་།ནུས་པ་གཅིག་ཏུ་འདོན་པ།ཕྱོགས་བསྡུས་ཤུགས་རྒྱག་པ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ནུས་པ་ཆེན་པོ་དང་།རུལ་སུངས་བྱེད་མི་རུང་བའི་བཙན་ཞིང་ནན་པའི་ལམ་ལུགས་ཀྱི་གཅུན་སྡོམ། རུལ་སུངས་བྱེད་མི་བསམ་པའི་བསམ་བློའི་སློབ་གསོའི་ལེགས་ཆ་བཅས་གཅིག་ཏུ་འདུས་པར་བྱས་ཏེ“དུས་འཁོར་ཧྲིལ་པོའི་དོ་དམ”གྱི་བྱ་ཐབས་ལ་བརྟེན་ནས་སྲིད་ཇུས་ལག་ལེན་བསྟར་རིང་ཕན་ཚུན་གཞོགས་འདེགས་དང་།ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཕན་ཚུན་སྐུལ་འདེད།ལས་ཀའི་ཕན་འབྲས་ཐད་ཕན་ཚུན་སྤེལ་རེས་བཅས་བྱ་རྒྱུར་སྐུལ་འདེད་གཏང་དགོས།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་།རྩ་འཛུགས་ཀྱི་ལེགས་ཆ།ལམ་ལུགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ཏེ་རིམ་ཁག་ཏང་ཨུ(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྷག་པར་དུ“མགོ་ཁྲིད་གཙོ་བོ”ཡི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ནན་དུ་བཏང་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།རང་འགན་རང་འཁུར་དང་གཅིག་གྱུར་མཐུན་སྦྱོར་གྱི་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་གནས་བབ་འཐུས་སྒོ་ཚང་དུ་གཏང་དགོས།རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་།བསམ་བློ་ལེགས་སྐྱོང་།རྩ་འཛུགས་ལེགས་སྐྱོང་།ཀུན་སྤྱོད་ལེགས་སྤེལ།སྒྲིག་ཁྲིམས་ལེགས་སྐྱོང་།ལམ་ལུགས་འཛུགས་སྤེལ་བཅས་དང་ཕན་ཚུན་འབྲེལ་མཐུད་བྱས་ཏེ།ཆབ་སྲིད་ཀྱི་ལྟ་སྐུལ་དང་།བསམ་བློའི་སློབ་གསོ།རྩ་འཛུགས་དོ་དམ།ཀུན་སྤྱོད་བཅོས་སྐྱོང་།སྒྲིག་ཁྲིམས་ལག་བསྟར།ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཁྱོན་ཡོངས་དམག་འཐབ་ཡག་པོ་བརྒྱག་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། བཟོད་སྒོམ་གཏན་ནས་མི་བྱེད་པའི་ཉེན་བརྡ་གཏོང་བ་དང་བཟོད་སྒོམ་གཏན་ནས་མི་གཏོང་བའི་ལས་དོན་སྤེལ་ཤུགས་སྲུང་འཛིན་བྱས་ཏེ་ཁྱབ་ཁོངས་ཁག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གནད་དོན་རྙིང་པ་ཡང་ཡང་ཐོན་པ་རིམ་གྱིས་ཉུང་དུ་འགྲོ་བ་དང་།གནད་དོན་གསར་པ་ཁག་གཅིག་མཆེད་དཀའ་བར་བྱེད་པ།འཕར་ཚད་མཐའ་གཅིག་ཏུ་ཚོད་འཛིན་དང་བསགས་ཚད་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱ་དགོས། རུལ་སུངས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་འགྱུར་ལྡོག་གི་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩ་ཐུག་སར་ལ་དམིགས་ཏེ་བློ་བརྟན་འགྱུར་མེད་ངང“སྟག་སྦྲང་མཉམ་རྡུང”བྱེད་ཅིང་“ཝ་མོ་རྔོན”དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེ་གྲས་ཀྱི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན་གྱི་རུལ་སུངས་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་།རུལ་སུངས་ཀྱི་ཉེན་ཁ་དང་།དེ་བཞིན་འབྲེལ་བའི་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་མེད་པ་བཟོ་དགོས།ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ངོས་ཀྱི་ཆབ་སྲིད་ཁོར་ཡུག་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་རུལ་སུངས་ཀྱི་མངོན་གསལ་དོད་པའི་མཚོན་ཚུལ་དང་།གཙོ་གནད་ཁྱབ་ཁོངས།ཐོན་སླ་བའི་གནད་ཐུག་ས་བཅས་གནད་ལ་འཁེལ་བའི་སྒོ་ནས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་པ་དང་།ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་ཕན་འབྲས་དངོས་ཐོན་པར་བརྩོན་ལེན་བྱ་དགོས།

     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འབྱུང་རྩ་ནས་འགོ་བཙུགས་ཏེ་དབང་ཆ་དང་དཔོན་རིགས་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རུལ་སུངས་ཀྱི་གནད་དོན་དེ་བས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཐོག་ནས་དོགས་ཟོན་དང་བཅོས་སྒྲིག་བྱ་དགོས། རུལ་སུངས་སུ་འགྱུར་བའི་གོ་སྐབས་ཉུང་དུ་གཏོང་གང་ཐུབ་དང་།སྲིད་ཇུས་གཏན་འབེབས་དང་།ཇུས་ཐག་གཅོད་རིམ།ཞིབ་བཤེར་ཆོག་མཆན་དང་ལྟ་སྐུལ་དོ་དམ།ཁྲིམས་བསྟར་ཁྲིམས་འཛིན་སོགས་གནད་འགག་ཆེ་བའི་དབང་ཆ་དམ་འཛིན་བྱས་ཏེ་འགན་འཁྲི་དང་དབང་ཚད་ནན་པོ་བཟོ་བ་དང་།ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ།དབང་ཆར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།དབང་ཆ་སྤྱད་དེ་ཕྲ་མཐོང་དཔལ་འབྱོར་བྱེད་སྒོར་ཚུལ་མིན་ཐེ་གཏོགས་བྱེད་ཚུལ་ཉུང་དུ་གཏོང་བ་བཅས་བྱ་དགོས།རུལ་སུངས་འབྱུང་ས་སྔོན་འགོག་ནུས་ལྡན་བྱེད་པ་དང་།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་མདུན་དུ་སྤོས་པ།རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་རྒྱག་པ།“དུས་བབ་རིགས་བཞི”གནད་སྨིན་ངང་སྤྱོད་པ་བཅས་བྱས་ཏེ་སྔ་ཙམ་ནས་དམ་འཛིན་དང་།ཆུང་ཙག་ནས་དམ་འཛིན།སྐྱོན་ཆུང་དུས་སེལ་བ་དང་རིམ་པ་བཞིན་འགོག་སྲུང་བཅས་བྱ་དགོས།ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་དམིགས་སའི་རང་བཞིན་ལྡན་པའི་ཏང་གཤིས་སློབ་གསོ་དང་ཉེན་བརྡ་གཏོང་བའི་སློབ་གསོ་རྒྱག་པ་དང་།སྤྱོད་གཙང་རིག་གནས་ལ་བརྟེན་ནས་ལུས་སེམས་གསོ་བ་བྱས་ཏེ་དུས་རབས་གསར་པ་དང་དུས་མཚམས་གསར་པའི་བླང་བྱ་དང་འཚམ་པའི་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་མ་ལག་འཛུགས་པ་དང་།ན་གཞོན་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་སྣང་ཆེན་བྱ་དགོས།རུལ་སུངས་ཀྱི་སྔོན་ཚུད་ཉེན་བརྡའི་ཁྲིམས་གཅོད་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་།རུལ་སུངས་བྱེད་ཐབས་མངོན་མེད་གཞན་འགྱུར་དང་རྙིང་བརྗེ་རིམ་སྤར་སོགས་ཁྱད་ཆོས་གསར་པར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས།རུལ་སུངས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ནུས་ལྡན་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས།

     ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་རྒྱུ་གཙོ་ཁྲིད་དུ་བྱེད་ཅིང་། ལྟ་སྐུལ་སྟོབས་ཤུགས་སྣ་ཚོགས་བསྡུ་སྒྲིལ་དང་ལས་དོན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དབང་ཆར་ལྟ་སྐུལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པ་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས་དབང་ཆ་གང་བྱུང་དུ་མི་སྤྱོད་པར་འགན་ལེན་བྱ་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱིར་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་འཐུས་ཚང་དུ་གཏང་དགོས།ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུ་དེ་ཏང་མི་དང་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས་སུ་འགྱུར་བར་བྱ་དགོས།རང་ངོས་གསར་བརྗེ་བྱེད་པ་ཡང་མི་དམངས་ལ་རྒྱབ་རྟེན་བཅོལ་རྒྱུར་དོ་སྣང་བྱ་དགོས་པ་དང་།མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱ་དགོས།

    ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མགོ་ཁྲིད་ལས་བྱེད་པ་དང་།ལྷག་པར་དུ་མཐོ་རིམ་ལས་བྱེད་པས་དམ་འཛིན་ནན་པོ་བྱ་དགོས།གོ་གནས་ཇི་ཙམ་མཐོ་བ་དང་དབང་ཆ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་གུས་ཤིང་སྐྲག་པའི་བསམ་པ་དང་རང་གཅུན་ནན་པོ་བྱ་དགོས།མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་ལ་དོ་དམ་ཡག་པོ་བྱ་དགོས་ལ།ཁྱིམ་མི་དང་གཉེན་ཉེ་ལ་དོ་དམ་ཡག་པོ་དང་།ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་དོ་དམ་ཡག་པོ།གཙོ་གཉེར་དོ་དམ་ཁྱབ་ཁོངས་ཀྱི་དར་སྲོལ་ལ་དོ་དམ་ཡག་པོ་བཅས་བྱ་དགོས། སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་པ་དང་།དྲི་མས་མ་གོས་པའི་བློ་མཐུན་གྱི་འབྲེལ་བ་དང་སྒྲིག་ལམ་སྲུང་བའི་རིམ་པ་གོང་འོག་གི་འབྲེལ་བ་ཆགས་པ་དང་།ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་བརྩེ་ཞིང་གཙང་བ་མཐའ་འཁྱོངས།ཡར་ཐོན་དང་ཡར་བརྩོན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་སོགས་ཀྱི་ཐད་སྣེ་ཡག་པོ་ཁྲིད་པ་དང་འགན་འཁྲི་ཡག་པོ་འཁུར་དགོས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་གཅུན་ནན་པོ་བྱ་རྒྱུའི་ཐད་ངེས་པར་དུ་ཚད་གཞི་མཐོ་ཤོས་མཐའ་འཁྱོངས་བྱས་ཏེ་ཏང་ཡོངས་ཀྱིས་བསྒྲུབ་རྒྱུ་དེ་སྔོན་ལ་སྒྲུབ་ཐུབ་པ་དང་།ཏང་ཡོངས་ཀྱིས་མི་སྒྲུབ་པའི་རིགས་མཐའ་གཅིག་ཏུ་མི་བསྒྲུབ་རྒྱུ་མེད།

     ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་ངང་ཁ་གཏད་གཅོག་པ་དང་།ཏང་དོ་དམ་དང་ཏང་སྐྱོང་བའི་ཆོས་ཉིད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ།ལས་ཀའི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ།མ་བསྐུལ་དང་ལེན་ངང་ཏང་ནང་ཁུལ་དང་སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱི་ཐོག་ནས་རང་ཉེས་རང་གསོག་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ལྷག་བསམ་རྣམ་དག་དང་།བློ་བརྟན་འགྱུར་མེད།སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ་བཅས་བྱེད་ཐུབ་པ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་གཤིས་བརྟན་པོ་དང་།སྒྲིག་ཁྲིམས་ལག་བསྟར་དྲང་པོ།དབང་ཆ་གཟབ་ནན་སྤྱོད་པ།འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ནས་ཏང་ཀྲུང་དབྱང་བློ་སེམས་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་བྱ་དགོས། 


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དུ་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་བུད་མེད་འཐུས་མི་ཚོགས་ཆེན་ཐེངས13པ་འཚོག་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།