རང་ཁུལ་གྱིས《བརྡ་ཐོ》བཏང་ནས་སླར་ཡང་རིམས་འགོག་ལས་ཀ་བཀོད་སྒྲིག་བྱས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-01-06

གནམ་ལོ་གསར་ཚེས་དང་བོད་ལོ་སར་འཆར་ལ་ཉེ་དུས། རང་ཁུལ་གྱིས《བརྡ་ཐོ》བཏང་ནས་རིམས་ཚུལ་འགོག་ཟོན་ལས་དོན་ཡང་བསྐྱར་བཀོད་སྒྲིག་བྱས།

     དེང་སྐབས་རྒྱལ་ནང་གི་རིམས་ནད་གནས་ཚུལ་ཛ་དྲག་དང་རྙོག་འཛིང་ཆེ་བར་དམིགས་ནས། མིག་སྔར། ཁུལ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས《གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ལོ་སར་རིང་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དུས་ཀྱི་ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་ལས་དོན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》འཕྲལ་དུ་བཏང་ནས། གནམ་ལོ་གསར་ཚེས་དང་བོད་ལོ་སར། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིམས་ཚུལ་འགོག་ཟོན་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད།

     མ་སྐུལ་དང་བླངས་ཀྱིས་ཐོ་འགོད་བྱས་ཏེ་རིམས་འགོག་བླང་བྱ་ལ་གཞོགས་འདེགས་ཧུར་ཐག་བྱ་དགོས། 《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ཞིང་ཆེན་ཕྱི་རོལ་ནས་ཁུལ་ནང་དུ་ལོག་པའི་མི་སྣ་ཚང་མས་དུས་ཚོད48ནང་ཚུན་དུ་ཉིང་སྐྱུར་ཞིབ་བཤེར་སྲིབ་གཤིས་ཅན་གྱི་དཔང་རྟགས་དང“ཐེན་ཧྥུ་བདེ་ཐང་ཤར་བགྲོད་ཨང་རྟགས”ཁྱེར་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱ་དགོས་པ་བཏོན་པ་རེད། ཉེན་ཁ་ཆེ་བའི་ས་ཁུལ་ནས་ཁུལ་ནང་དུ་ལོག་མཁན་མི་སྣས་ཁུལ་དང་རྫོང(གྲོང་ཁྱེར)གི་རིམས་ཚུལ་འགོག་ཟོན་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱ་དགོས་པ་དང་། ཁུལ་ནང་དུ་ཕྱིར་ལོག་བྱེད་མཁན་ཚང་མས་མ་སྐུལ་དང་བླངས་ཀྱིས་ཕྱིར་ལོག་སྙན་སེང་ལམ་ལུགས་ལག་བསྟར་བྱས་ནས་ཕྱིར་ལོག་བྱས་རྗེས་འཕྲལ་མར་བླང་བྱ་ལྟར་མ་སྐུལ་དང་བླངས་ཀྱིས་སྙན་སེང་ཐོ་འགོད་བྱ་དགོས། ཉེ་བའི་ཉིན14ཡི་ནང་ཧྲན་ཞི་ཞི་ཨན་སོགས་གཙོ་གནད་ས་ཁུལ་དུ་གནས་སྡོད་བྱས་མྱོང་བའི་ཕྱིར་ལོག་མི་སྣས་རང་འགུལ་ངང་འཕྲལ་མར་གཞིས་ཁུལ(གྲོང་ཚོ)དང་། ལས་ཁུངས་ཡང་ན་སྡོད་སའི་མགྲོན་ཁང་དུ་སྙན་སེང་ཐོ་འགོད་བྱ་དགོས་པར་མ་ཟད། མ་སྐལ་དང་བླངས་ཀྱིས་གནས་དེ་གའི་རིམས་ཚུལ་འགོག་ཟོན་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་བདེ་ཐང་དོ་དམ་བྱ་དགོས།

     ཉེན་ཁ་ཆེ་བའི་ས་ཁུལ་དུ་མི་སྐྱོད་པ་རྒྱུན་འཁྱོངས་བྱ་དགོས། རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ནས། ཉེན་ཁ་ཆེ་བའི་ས་ཁུལ་དུ་དགོས་མེད་དུ་མི་འགྲོ་བ་དང་། བསྡད་ཡོད་པའི་ས་ཆ་དེར་ལོ་སར་དང་དུས་ཆེན་གཏང་རྒྱུ་དར་སྤེལ་གཏང་དགོས་པ་དང་དགོས་ངེས་མེད་ན་ཞིང་ཆེན་ཕྱི་ལ་མི་འགྲོ་བ་བྱ་དགོས།།

གཙོ་གནད་ཆེ་བའི་ས་གནས་སུ་རིམས་ཚུལ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏང་དགོས། སྤྱི་པའི་འདུ་གནས་དང། རོལ་རྩེད་བྱ་ཡུལ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བཅས་སུ“བདེ་ཐང་ཨང་རྟགས་བཤེར་བ་དང་ཁ་རས་རྒྱག་པ། ”དེ་བཞིན་དྲོད་ཚད་འཇལ་བ། དུས་བཀག་ལྟར་དུག་སེལ་སོགས་རྒྱུན་ལྡན་ཅན་གྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། ཞིང་སྡེའི“རིམ་ལྔའི་འགན་གཙང་ལེན”ལ་མུ་མཐུད་དེ་ཤུགས་བརྒྱབ་ནས་ཕ་ཡུལ་དུ་ལོག་མཁན་ལ་ཚགས་བཤེར་དང་དོ་དམ་ཚོད་འཛིན་དང་། འཚུབ་བསྟུན་དངོས་ཟོག་གསོག་འཇོག། གཅིག་སྡུད་རང་བཞིན་གྱི་བྱེད་སྒོ་དོ་དམ་ཚོད་འཛིན་སོགས་ཀྱི་ལས་དོན་དོན་འཁྱོལ་ཡག་པོ་བྱ་དགོས།

     གཅིག་བསྡུས་རང་བཞིན་གྱི་བྱ་འགུལ་ལ་ཚོད་འཛིན་ནན་མོ་བྱ་དགོས། “དགོས་པ་མེད་པར་འཛུགས་གཉེར་མི་བྱེད་པའི”རྩ་དོན་གཞིར་བཟུང་ནས། གཞི་རྩའི་ཐོག་ཏུ་གཞི་ཁྱོན་ཆེ་བའི་ཚོགས་འདུ་དང་གསོ་སྦྱོང་། ལྷན་འཛོམས། འཚམས་འདྲི། མཉམ་སྤྲོའི་བྱེད་སྒོ་སོགས་མི་གཉེར་བ་དང་། རྟེན་འབྲེལ་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན། འགྲེམས་ཚོང་། དམངས་སྲོལ་སོགས་ཀྱི་གཅིག་སྡུད་རང་བཞིན་གྱི་བྱེད་སྒོར་ཚོད་འཛིན་ནན་པོ་བྱ་དགོས། ཆོས་ལུགས་བྱེད་སྒོ་མི་སྤེལ་བ་དང་ཞིང་སྡེའི་ཚོང་འདུས་དང་གཞི་ཁྱོན་ཆེ་བའི་གསོལ་སྟོན་བཅས་ཀྱི་ཐེངས་གྲངས་ཉུང་དུ་གཏང་དགོས།

     རིམས་འགོག་སྨན་ཁབ་རྒྱག་པ་དང་མི་སྒེར་གྱི་འགོག་སྲུང་ཏན་ཏིག་བྱ་དགོས། ལོ3ནས11བར་གྱི་བྱིས་པའི་སྨན་ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་བརྒྱག་རྒྱུར་སྐུལ་འདེད་མགྱོགས་པོ་གཏང་དགོས་པ་དང་། ལོ60ཡན་གྱི་རྒན་རྒོན་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས། འགོག་ཁབ་བརྒྱབ་ནས་ཟླ6ཟིན་པའི་མི་ཚོགས་ཀྱིས་མགྱོགས་མྱུར་ངང་སྨན་ཁབ་བརྒྱག་རྒྱུའི་རེ་འདུན་འདོན་དགོས། མི་སྒེར་བདེ་ཐང་གི་འགན་འཁུར་བ་དང་པོ་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ལ་ཁ་རས་རྒྱག་པ་དང་དྲོད་འཇལ་ཨང་བཤེར། སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས། དུག་སེལ་མཁའ་རླུངས་ཡངས་པོར་བྱེད་པ་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱ་དགོས།།


  • ལེ་ཚན་སྔོན་མ།:མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ།
  • དོ་སྣང་ཆེ་བའི་རྩོམ།