མུ་ལེ་རྫོང་གླིང་རོང་ས་ཆ་ཡི་གཉེན་སྒྲིག་ལུགས་སྲོལ།

མཁས་བཟང་།        2015-08-12

མུ་ལེ་རྫོང་གླིང་རོང་ས་ཆ་ཡི་གཉེན་སྒྲིག་ལུགས་སྲོལ།

 སི་ཁྲོན་ཞིང་ཆེན་མུ་ལི་བོད་རིགས་རང་སྐྱོང་རྫོང་གི་ནུབ་བྱང་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་མར་བོ་ཁོག་ནས་བྱུང་བའི་ཆུ་བོ་ཞིག་ཡོད།ཆུ་བོ་དེ་འདབ་པ་ནས་ཡུན་ནན་ཞིང་ཆེན་གཙང་བོ་གསུམ་འཛོམས་ཁར་འབྲི་ཆུ་དང་འདུས།ཆུ་བོ་དེ་རི་ཁྲོད་དང་ལུང་བར་གཡུ་འབྲུག་འཁྱུག་པ་ལྟར་དུ་རྒྱུགས་ཤིང་མི་རྣམས་ཀྱིས་འདབ་ཆུའམ་དངུལ་ཆུ་ཟེར།དེའི་འགྲམ་དུ་མུ་ལི་རྫོང་གི་རྟ་རོང་དང་འབར་ཟིར།ཞོ་ལུང།གླིང་རོང་།འོ་གཡག་བཅས་ཤང་ཁག་ལྔའི་མི་དམངས་ཚོ་གནས་ཡོད།དེ་ལས་གླིང་རོང་དུ་བོད་རིགས་དུད་ཚང་བཞི་བརྒྱ་ལྷག་ཙམ་ཡོད།བཤད་རྒྱུན་ལ་ས་འདི་གའི་མི་རྣམས་ནི་ཆུ་བོ་དེ་ལྟར་སྤྲོ་ཉམས་དང་སྙིང་བརྩེ་བཟང་པོའི་རང་བཞིན་ཡོད་པ་དང་།ལོ་རྒྱུས་ཐོག་ཏུ་ཨོ་རྒྱན་རིན་པོ་ཆེ་ཐེངས་གཅིག་ཞལ་ཕེབས་གནང་དེ་བྲག་རི་ལ་ལོ་ངོ་སྟོང་ཕྲག་ཀྱང་མི་འགྱུར་བའི་མ་ཎི་བརྐོས་པ་ད་ལྟ་ད་རུང་མཇལ་རྒྱུ་ཡོད་ལ་ཨོ་རྒྱན་སངས་རྒྱས་གཉིས་པས་ས་གནས་འདིར་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་བའི་བྱིན་རླབས་ཀྱིས་ཡུལ་མི་དམངས་ཡོངས་ཀྱི་འཚོ་བ་ཆུ་བོའི་རྒྱུན་བཞིན་ཟམ་མི་ཆད་པར་བདེ་ཞིང་སྐྱིད་དོ།།
   གནས་དེའི་གངས་རིའི་ཞབས་ལ་དབྱར་གྱི་མཚེར་ས་དང་ས་སྨད་གསེར་གྱི་འབྲས་བཟང་།ལོ་ཏོག་དང་ཤིང་ཏོག་དཔལ་ཕུན་སུམ་ཚོགས་པ་བྱུང་དང་འབྱུང་བཞིན་ཡོད།མི་རྣམས་ཀྱི་བཤད་སྲོལ་ལ་གླིང་རོང་དུ་བོན་བཅོ་བརྒྱད་ཡོད།བདུད་བརྩི་ཆང་རག་དྲི་ཞིམ་འཁོར།མི་དམངས་ངར་བ་ལྕགས་དང་མཚུངས་ཞེས་གླིང་རོང་དུ་བོན་དང་ཆང་རག་ངར་ལྕགས་སོགས་སྐད་གྲགས་ཤིན་ཏུ་ཆེ།ཡུལ་འདིའི་དུད་ཚང་བཞི་བརྒྱ་ལྷག་ཙམ་ལ་རང་གི་ཁྱིམ་རྒྱུད་ཆགས་རབས་བཤད་རྒྱུ་ཡོད་པ་དང་།ཁོ་ཚོ་ནི་ལས་ལ་བརྩོན་ཞིང་ཆོས་དད་ཆེ་བ་ཞིག་རེད།ལོ་རྒྱུས་ལས་གྲོང་པའི་ཉེ་འདབས་སུ་བོན་གྱི་དགོན་རྙིང་གི་རྗེས་ཤུལ་ཡོད་པ་དང་མི་རྣམས་ཀྱིས་ལོ་སར་སྐབས་སུ་སྒོ་དང་ཁང་སྟེང་དུ་གཡང་དྲུང་གི་རི་མོ་འབྲི་སྲོལ་ལ་བརྟག་དཔྱད་བྱས་ན།གནའ་དུས་སུ་ས་འདི་ཡི་མི་དམངས་རྣམས་ཀྱིས་བོན་ཆོས་ལ་དད་པར་ངེས།ས་འདིའི་བོད་རིགས་མི་རྣམས་ལས་འགའ་ཤས་ནི་སྟོད་མངའ་རིས་ས་ཁུལ་ནས་ཡོང་བ་དང་།ཁ་ཤས་ནི་དཀར་མཛེས་ཁུལ་གྱི་ཉག་རོང་དང་འདབ་པ།འབའ་ཐང་།ལི་ཐང་ནས་ཡོང་བ་ཡིན་ཟེར་སྲོལ་ཡང་ཡོད།བོད་ཀྱི་ཆོས་ལུགས་དར་རྒུད་སྣ་ཚོགས་ལ་བལྟས་ན་གླིང་རོང་དེ་ཡང་ས་གནས་གཞན་དག་དང་འདྲ་བར་དུས་ཡུན་རིང་པོ་ཞིག་ལ་བོན་ཆོས་ལ་བརྟེན་པ་ཡིན་ཡང་ད་ལྟ་ཉིན་མོའི་སྐར་མ་བཞིན་དུ་ཧ་ཅང་ཉུང་ཉུང་རེད།གནའ་ནས་ད་ལྟ་བར་གླིང་རོང་གྱི་ཡུལ་མི་ཚོ་དགེ་བའི་ཆོས་ལ་དད་ཞེན་ཆེ་བས་དམངས་ཁྲོད་ཀྱི་མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་སོགས་ཆོས་ཀྱི་ལུགས་དང་མཐུན་ཤས་ཆེའོ།བཅིངས་འགྲོལ་མ་གཏོང་གོང་ལ་ལམ་ལུགས་རྙིང་པའི་རྐྱེན་གྱིས་མི་དམངས་ལ་ཁྲལ་འུ་ལག་གི་ཁུར་པོ་ལྫིད་པས་སྐྱེས་པ་ཡིས་ཁྱིམ་བདག་བྱེད་པའི་གོམས་སྲོལ་ཆགས།དམངས་ཁྲོད་ཀྱི་བཤད་སྲོལ་བུ་ཆེ་ཞིང་འབྲོག་བདག་པོ་བྱེད།བུ་འབྲིང་མུ་ལི་ཆོས་སུ་འཐེན།ཆུང་བ་རྒྱལ་ཐང་ཚོང་དུ་འགྲོ་ཟེར་བ་ལྟར་ཁྱིམ་ནང་སྤུན་ཆེ་བ་དེས་ཁྱིམ་བདག་བྱེད་དགོས་པ་དང་།སྤུན་འབྲིང་བ་དེ་དགོན་པར་ལག་གཡོག་གམ་གྲྭ་པ་བྱེད་དགོས་ལ།སྤུན་ཆུང་བ་དེས་ཞིང་རྨོ་བ་དང་།ཁྲལ་དང་འུ་ལག་འཇལ་ཞིང་ཕྱིར་དུ་ཚོང་ཟོང་ནོར་རྙེད་བྱེད་དགོས་སོ།བུ་མོ་མང་ཆེ་བ་གཞན་ཚང་གི་མནའ་མར་གཏོང་།གལ་ཏེ་ཁྱིམ་ཚང་ལ་བུ་རྒྱུད་མེད་ན་མོ་ལ་མག་པ་བསུས་ནས་ཁྱིམ་བདག་བྱེད་པས།ཁྱིམ་ཚང་གཅིག་ལ་ཁྱོ་གཅིག་ཤུག་མང་ངམ་ཤུག་གཅིག་ཁྱོ་མང་གིས་ཁྱིམ་ཐབས་བྱེད་སྲོལ་ཡང་བྱུང་བ་རེད།།
 གཅིག  གཉེན་སྒྲིག་ཁ་ཆད།
 སྔར་གླིང་རོང་ས་ཁུལ་དུ་གཉེན་སྒྲིག་གི་ཐད་ལ་ཕ་མ་བཙན་ཤེད་ཆེ་བས་བུ་ཆེ་ན་ཁྱིམ་གྱི་བདག་པོ།བུ་མོ་ཆེ་ན་གཞན་གྱི་མནའ་མ་ཟེར་བ་ལྟར་ཡིན་མོད།བཅིངས་འགྲོལ་བཏང་རྗེས་སྔར་གྱི་ལུགས་སྲོལ་རྙིང་པ་རིམ་བཞིན་ཉམས་ཏེ་བུ་དང་བུ་མོ་རྣམས་ལ་གཉེན་སྒྲིག་རང་དབང་ཡང་ཅུང་ཟད་ཡོད།དེ་ཡང་གཉེན་སྒྲིག་ཁ་ཆད་ཅེས་པ་ནི་སྔར་གྱི་ལུགས་སྲོལ་ལྟར་བུ་ཕྲུག་གི་ཨ་ཞང་ངམ་ཨ་ཁུ་སོགས་ཀྱིས་གཉེན་སྒྲིག་རྟེན་འབྲེལ་གྱི་ཆང་རག་ཁྱེར་ནས་གཉེན་ཚང་དུ་གཉེན་སྒྲིག་ཁ་ཆད་གྱི་བྱ་གཞག་གཏམ་གླེང་བྱ་དགོས་པ་དང་།ཁྱིམ་ཚང་གཉིས་ཀ་ཡིད་མོས་བློ་མཐུན་གྱི་ཐོག་ནས་གཉེན་སྒྲིག་ཁ་ཆད་བཞག་རྗེས་ཆང་རག་ལྷ་དང་སྲུང་མར་མཆོད་བར་བྱེད་དོ།།
 གཉིས།   གཉེན་སྒྲིག་འཇོག་པ།
 གཉེན་སྒྲིག་འཇོག་པ་ནི་གཉེན་སྒྲིག་ཁ་ཆད་ཁས་ལེན་པ་རེད།བུ་དང་བུ་མོ་བློ་སེམས་མོས་མཐུན་ཡོང་ནས་གཉིས་ཀའི་ཕ་མས་བླ་མ་དང་སྔགས་པར་མོ་ལུང་སྐར་རྩིས་ཞུས་ཏེ་གཟའ་དང་རྒྱུ་སྐར་བཟང་བའི་དུས་ཤིག་ལ་གཉེན་སྒྲིག་གཏན་འཇོག་བྱས།མག་པ་དང་མནའ་མ་བསུ་བའི་རྟེན་འབྲེལ་བྱེད།མག་པ་དང་མནའ་མ་བསུ་བའི་འབུལ་རྟེན་ནི་ལོ་ཏོག་སླ་ང་གང་།ཕག་ཤ་གཟུག་གཅིག་བཅས་དང་ཁྱིམ་ཚང་གི་འཇོན་ཐང་ལ་བརྟེན་ནས་དངུལ་སོགས་འབུལ་རྟེན་བཞག        བླ་མའང་སྔགས་པ་ཅིག་གདན་འདྲེན་ཞུས་ནས་མཆོད་འབུལ་བྱེད་དོ།།
 གསུམ།  གཉེན་སྒྲིག་བྱེད་པ།
 གླིང་རོང་བོད་རིགས་དམངས་ཚོས་གཉེན་སྒྲིག་རྟེན་འབྲེལ་བྱེད་པ་ལ་ཐུན་མིན་གྱི་ཁྱད་ཆོས་གཉིས་ཡོད་དེ།༡མོ་གསར་བསུ་བ།མུ་ལིའི་ཁ་སྐད་དུ་མོ་སྐྱེལ་ཟེར།གཉེན་སྒྲིག་བྱེད་པའི་བུ་ཕྲུག་གི་ཕ་མས་བླ་མ་དང་སྔགས་པ་ལ་རྩིས་རྒྱག་མོ་བཏབ་ནས་ཚེས་དང་གཟའ་སྐར་འཕྲོད་སྦྱོར་བཟང་བའི་དུས་ལ་མནའ་མ་བསུ་བའི་མགྲོན་དཔོན་རྒན་རབས་གཅིག་དང་མོ་གསར་དང་ཕོ་གསར་གྱི་བག་རོགས་གཅིགགཟབ་སྤྲས་གཏོང་བའི་རྟ་དྲེལ་དང་བཅས་མོ་གསར་བསུ་བར་གཏོང་།མོ་གསར་ཚང་ལ་སླེབས་སྐབས་ཐོག་མར་མོ་གསར་བསུ་བའི་འབུལ་རྟེན་བཞག  དེ་ནས་བླ་མ་དང་སྔགས་པས་རྟེན་འབྲེལ་གྱི་ཆོ་ག་བྱས།དེ་རྗེས་གྲོང་པའི་ལུགས་ལྟར་མནའ་མ་བསུ་མཁན་རྣམས་ཁྱིམ་ཚང་རེ་རེས་གདན་ཞུ་མགྲོན་འབོད་བྱེད།མནའ་མ་བསུ་མཁན་གྱིས་ཀྱང་ཁྱིམ་ཚང་རེ་རེ་ལ་གཉེན་སྒྲིག་འབུལ་རྟེན་དངུལ་སྒོར་བཞག་དགོས།གདན་ཞུ་དུད་ཚང་གིས་མནའ་མ་བསུ་མཁན་ལ་ཆང་རག་འཕུལ།ཕག་ཤ་སོགས་འབུལ་རྟེན་དུ་བཞག།དེ་ནས་འབུལ་རྟེན་སོགས་མནའ་མ་ཚང་ལ་ཁྱེར།དེ་རྗེས་མནའ་མ་བསུ་མཁན་གྱིས་གཉེན་སྒྲིག་བྱེད་པའི་རྟེན་འབྲེལ་བཤམས།མོ་གསར་ཚང་གི་བསང་ཐབ་དང་།ཁང་སྐས་ཤིང་སྡོང་།ཆུ་མིག་ཆུ་ཟོམ།ཛ་བྷ་ལྷ་ཁང་གི་ཀ་བ་བཅས་ལ་རྟེན་འབྲེལ་མཚོན་པའི་རས་བཏགས་དགོས།བསུ་མི་གདན་ཞུ་དུད་ཚང་ལ་དར་ཚོན་གྱིས་རྟེན་འབྲེལ་བྱེད།གཉེན་ཚན་དང་གྲོང་མི་ཡོངས་ཀྱིས་མནའ་མ་ཚང་གི་མདུན་ལམ་ཁར་གཡག་ལྤགས་དང་གཙོད་ལྤགས་སོགས་རིན་ཐང་ཆེ་བའི་བཞུགས་གདན་བརྒྱབ་ནས་མེ་ཏོག་དང་ཤིང་ཏོགསྦྲང་རྩི།འོ་མ།ཆང་རག་བཅས་བཟའ་རྒྱུའི་རྫས་ཕུན་སུམ་ཚོགས་པ་བཤམས་ནས་མནའ་མ་སྐྱེལ།མནའ་མ་བསུ་མཁན་གྱི་མི་རྣམས་ལ་རས་ཀྱི་དར་ཚོན་བཏགས།མེ་ཞུན་དང་སྐུད་པ་བཅས་འབུལ་རྟེན་གནང་།མནའ་མ་སྐྱེལ་མཁན་ནི་བག་རོགས་གཅིག་སྟེ་རང་གི་ཕ་མ་གཅིག་གི་བུ་སྤུན་གཅིག་གིས་རྟ་དྲེལ་ལ་གཟབ་སྤྲས་ཇེ་ལེགས་བཏང་ནས་བགྲོད་དགོས།ལམ་བར་དུའང་གྲོང་མི་དང་གཉེན་ཚན་གྱིས་མོ་གསར་སྐྱེལ་བའི་རྟེན་འབྲེལ་བྱེད།གྲ་སྒྲིག་དང་གཤམས་བྱ་གོང་དུ་བཤད་པ་དང་མཚུངས།མནའ་མ་བསུ་བའི་དུད་ཚང་གིས་མགྲོན་པོ་སླེབས་མ་ཐག་ཏུ་སྒོ་ཁར་མོ་གསར་བསུ་བའི་རྟེན་འབྲེལ་གྲ་སྒྲིག་བྱེད།མགྲོན་པོ་དང་མོ་གསར་སླེབས་སྐབས་གྲོང་པ་ཡོངས་དུད་ཚང་དེར་ཡོང་ནས་མནའ་མ་བསུ་བའི་དགའ་སྟོན་རྟེན་འབྲེལ་བྱེད།མོ་གསར་ཁྱིམ་ནང་ཕེབས་སྐབས་མི་རྣམས་ཀྱིས་གཡང་འཆམ་འཁྲབ།བླ་མ་དང་སྔགས་པས་གཡང་ལེན་བྱེད།གཉེན་སྒྲིག་གསོལ་སྟོན་རྗེས་སུ་གཉེན་སྒྲིག་གི་མེ་ཏོག་བཀྲམ་ཞེས་པའི་ལུགས་སྲོལ་དེ་མོ་གསར་བསུ་བའི་ཁྱིམ་ཚང་གི་མཛོད་ཁང་དུ་སྤེལ།བླ་མ་དང་སྔགས་པས་གཡང་འབོད་གཡང་ལེན་བྱེད།ཕོ་གསར་མོ་གསར་ལ་ཙན་དན་གྱི་དྲིས་མཆོད།མདའ་དར་གྱིས་སྔོན་ཁྲིད།དུང་གི་སྙན་དབྱངས་ཀྱི་ཁྲོད་དུ་མཛོད་ཁང་དུ་འོངས་ནས་བླ་མ་དང་རྒན་རབས་ཀྱིས་རྟེན་འབྲེལ་བསྒྲིགས།དཀར་པོ་ནས་ཀྱི་རྩམ་པ་ཕྱོགས་བཞིར་བྱུགས་པ་དང་མི་རྣམས་ཀྱིས་གཡང་བྲོ་འཁྲབ་ཅིང་འདི་ལྟ་བུའི་རྟེན་འབྲེལ་སྨོན་ཚིག་འབུལ།དེ་རིང་གནམ་ལ་སྐར་མ་བཟང་།ས་ལ་དུས་ཚོད་བཟང་།ཟླ་བ་ལྷུན་པོ་བཟང་།ཀླུ་ཡི་རྒྱལ་པོ་བཟང་།གངས་སེང་སྙིང་ལྷ་བཟང་།སྦྲུལ་ནག་སྐེ་རགས།སྟག་ལྤགས་བཤམ་ཐབ།རྨིག་པ་གཡང་བཞི།ཁོང་གིས་ཕོ་དང་མོ་གསར་ལ་ལྷག་བསམ་གྱིས་ལུང་སྟོན་པ།གཡོན་ཕྱོགས་སུ་ཁྲི་གཟིག་གི་མདའ་རྭ་ཅན།གཡས་ཕྱོགས་སུ་སྤྱན་ལྕགས་མྱིག་ཕོ་རོག་ཅན།དཔག་བསམ་ལྗོན་ཤིང་ནང་བཞིན་དུ་རབ་གྱུར་ཅིག    མཐའ་ཡས་རྒྱ་མཚོ་བཞིན་དུ་གཏིང་ཟབ་གྱུར་ཅིགརི་རབ་ལྷུན་པོ་བཞིན་དུ་སྦོམ་གྱུར་ཅིག་ཅེས་སྨོན་ཚིག་ཕུལ་མཐར་མི་རྣམས་ཀྱིས་མཉམ་དུ་གཡང་འཁོར་ཡེ།གཡང་འཁོར་ཡེ་འཁོར་ཡེ་གཡང་འཁོར་ཡེ་ཞེས་གཡང་འབོད་བྱེད།།
 བཞི།   གཉེན་སྒྲིག་གི་དགའ་བསུ་དགོང་ཚོགས།
 གཉེན་སྒྲིག་དགོང་ཚོགས་ནི་གྲོང་པ་དེ་དང་གྲོང་པ་གཞན་གྱི་གཉེན་ཉེའི་གྲོགས་པོ་ཚོའོང་དགོས་པ་རེད།དགོང་ཟས་ཀྱི་ཇ་མ་ཆང་མ་སོགས་ཆ་ཚང་བཀོད་སྒྲིག་བྱས་ནས་དགོང་ཟས་ཡག་པོ་ཞིག་གཏོང་དགོས།དགོང་མོར་ཆང་རག་ཀྱང་མང་པོ་སྦྱིན་དགོས།རྟེན་འབྲེལ་བཤད་མཁན་ཞིག་ཐོག་མ་ནས་བཀོད་སྒྲིག་བྱས་ཏེ་གཉེན་མཚན་དང་གྲོང་མི་ཚང་མས་གཉེན་སྒྲིག་བཀྲ་ཤིས་གཡང་འཕེལ་ཡོང་བའི་ཆེད་རྟེན་འབྲེལ་བཞག་དགོས་པའི་གོམས་སྲོལ་ཡོད།དགོང་ཚོགས་ནང་ལ་རྟེན་འབྲེལ་བཤད་མཁན་གྱི་སྨོན་ཚིག་ནི་འདི་ལྟར་ཏེ།དགོང་ཨ་སྔོན་སྟེང་ལ་གནམ་འགྲོ་སྤྲིན་བཞག་བསམ།།བྲག་དཀར་པོའི་སྟེང་ལ་རྒོད་ལྷ་བྱ་བཞག་བསམ།།སྤང་ལྗང་ཁུ་སྟེང་ལ་ཟེ་དཀར་འབྲུ་བཞག་བསམ།།ཞིང་ས་དམར་གྱི་སྟེང་ན་འུ་རང་མི་བཞག་བསམ།།མཐོ་ན་རི་འདིའི་རི་དྭགས་རྣམ་གསུམ་བདེ།།བར་ན་ཡུལ་འདི་མི་སྡེ་སྟོང་གསུམ་བདེ།  འོག་ན་ཆུ་འདིའི་ཉ་སྦལ་སྲམ་གསུམ་བདེ།།རྒྱལ་ཁམས་ཉི་མ་ཤར་བའི་རྟེན་འབྲེལ་ཡིན།།  ཐོག་དང་པོ་སྐྱེས་ས་རྒྱ་དཀར་རྡོ་རྗེ་གདན།།གཉིས་པ་སྐྱེས་ས་རྒྱ་གར་ཝཱ་རཱ་གྲོང་།།  སོན་ཁུར་དེ་ཁྲ་གཅིག་གཟན་ཁྲ་བཀལ།།ཡར་ཁུར་དེ་གངས་རི་སྟོད་ལ་བཏབ།།  ཤྭ་ཕོ་ཆེན་གཉའ་ལ་གཉའ་གཅིག་བཞག།།ཤྭ་ཕོ་ཆེན་གཉའ་བཞག་གཉའ་མི་ཁུར།།  གངས་རི་ཐོག་བཏབ་ཐོག་མི་རེད།།    མ་ཁུར་དེ་སྤང་ལྗོངས་སྟེང་ལ་བཏབ།  འབྲི་ཟེ་དཀར་གཉའ་ལ་གཉའ་གཅིག་བཞག།ཟེ་དཀར་གཉའ་བཞག་གཉའ་མི་ཁུར།།སྤང་གི་ཐོག་བཏབ་ཐོག་མི་རེད།།མར་ཁུར་དེ་ཆུ་གཙང་ཆུ་སྟེང་ན་བཏབ།ཆུ་ཉ་མོ་གཉའ་ཡི་གཉའ་གཅིག་བཞག།ཉ་མོས་གཉའ་བཞག་གཉའ་མི་ཁུར།།ཆུ་བོ་ཐོག་བཏབ་ཐོག་མི་རེད།།ཡར་ཁུར་དེ་ས་དམར་སྟེང་ལ་བཏབ།གཡང་གླང་སྙིང་པོར་གཉའ་ལ་གཉའ་གཅིག་བཞག།  གཡང་གླང་སྙིང་པོ་གཉའ་བཞག་གཉའ་ཁུར་རྗེས།།ས་དམར་ཐོག་བཏབ་ཐོག་རེད་ཟིན།།རྩིས་པ་རྒྱལ་པོས་རྩིས་གཅིག་བརྒྱབ་ནས་རྩིས་བཟང་ཟིན།།མོ་བ་རྒྱལ་པོས་མོ་གཅིག་བཏབ་ནས་མོ་བཟང་ཟིན།།  སྦྱིན་འགྱུར་ཡུལ་གྱི་བདག་པོས་ཆང་གཅིག་བཙོས་ན་ཆང་ཞིམ་ཟིན།།
 དེ་རིང་བཀྲ་ཤིས་ཀྱི་ཉི་མ་ལ་ཕོ་གསར××དང་མོ་གསར××གཉིས་ཀྱིས་གཉེན་སྒྲིག་བྱེད་པའི་དགའ་སྟོན་རྟེན་འབྲེལ་ལ་བཀྲ་ཤིས་ཁ་དར་གཏམ་ཞིག་བཤད།།བཀྲ་ཤིས་ཁ་བཏགས་གཏམ་ཞིག་བཤད།།བཀྲ་ཤིས་ཁ་བཏགས་ལས་སླ་པོ་མ་རེད།།སྟབས་བདེ་པོ་མ་རེད།།རྒྱ་གར་ཚོང་དཔོན་ཞིག་གིས་ཡར་བཙོང་ཟིན།།བོད་ཚོང་དཔོན་ཞིག་གིས་མར་ཉོ་ཟིན།།དྲིལ་སེར་ལི་གཅིག་ལ་ཡར་བཀལ་ཟིན།།དཀར་མི་དཀར་གངས་རི་དཀར་པོ་ལས་ཀྱང་ཡར་དཀར་ཟིན།།སྔོན་མི་སྔོན་ཆུ་གཙང་ཆུ་སྔོན་པོ་ལས་ཀྱང་ཡར་སྔོན་ཟིན།།རིང་མི་རིང་ལམ་ས་རིང་འདི་ལས་ཡར་རིང་ཟིན།།ཕོ་གསར་དང་མོ་གསར་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞུ།།
ལྔ།  མོ་གསར་ཚང་ལ་གཉེན་སྒྲིག་འབུལ་རྟེན་འཕུལ་བའི་སྐོར།
 བུ་མོ་ལ་གོས་དང་གཟབ་སྤྲས།མོའི་ཕ་མར་གསོ་སྐྱོང་གི་དྲིན་ལན།ཕའི་དོར་གོས།མའི་སྟོད་གོས་ཞེས་བཤད་སྲོལ་ཡོད་པ་ནང་བཞིན་དེ་དག་གྲ་སྒྲིག་བྱེད་དགོས།
 ཁྱིམ་ཚང་ལ་འཕུལ་བ་ནི་དོན་ལྔ་སྣོད་དྲུག་ལྡན་པའི་ཕག་ཤ་ཆ་ཚང་གཅིག་དང་།གཡག་གམ་གླང་གི་ཉྭ་གཟུགས་གཅིགགཉེན་ཚན་དང་གྲོང་མིའི་འབུལ་རྟེན་ལ་ཁྱིམ་ཚང་རེས་ཕག་ཤ་གཟུག་གཅིག་བཅས་རང་རྒྱུ་ལ་བརྟེན་ནས་དངུལ་སྒོར་འབུལ་བརྟེན་བཞག
 མོ་གཟུངས་བའི(མོ་བསུ་བའི་དོན)ལུགས་སྲོལ་དང་མོ་སྐྱེལ་གྱི་ལུགས་སྲོལ་རྟེན་འབྲེལ་ཕལ་ཆེར་གཅིག་འདྲ་ཡིན།མོ་གཟུངས་རྟེན་འབྲེལ་ལ་ཡུལ་མི་ཁྱིམ་མཚེས་དང་གཉེན་ཚན་རྣམས་ཀྱིས་ཐེངས་གསུམ་ཙམ་བྱེད་སྒོ་སྤེལ།མོ་གཟུངས་བྱ་བ་ལ་ཕོ་གསར་བག་རོགས་གཅིག་མོ་གསར་ཆ་གྲོགས་གཉིས།མགྲོན་དཔོན་གཅིག་ལྷན་ཏུ་འཇུག་དགོས།མོ་གསར་ཁྱིམ་དུ་སླེབས་རྗེས་གྲོང་པ་ཡོངས་ཀྱི་རྒན་རྒོན་དང་གཉེན་ཚན་གྲོགས་པོ་རྣམས་མཉམ་དུ་འདུག་ནས་གཉེན་སྒྲིག་འབུལ་རྟེན་རྩིས་སྤྲོད་བྱ་བ་དང་།ཡུལ་མི་རྣམས་ཀྱིས་ཕོ་དང་མོ་གསར་ལ་ཁ་ཏ་དང་སློབ་གསོ་ཡང་ཡང་གཏོང་།བརྗོད་དོན་གཙོ་བོ་ནི་ཁྱིམ་གྱི་ལས་ཀ་བྱེད་སྟངས།ཁྱིམ་མཚེས་ཡུལ་མི་བར་འབྲེལ་བ་མཐུན་སྟངས།གྲོང་པའི་གནའ་ནས་བརྒྱུད་པའི་ལུགས་སྲོལ་སོགས་ཡིན།དེ་མ་ཟད་རྒན་རྒོན་རྣམས་ཀྱིས་མིག་མཐའ་མཆི་མ་འཁོར་བཞིན་ཧོ་ཡེ་ཟེར་བ་ཞིག་ལེན་པ་གཤམ་གསལ་ལྟར།
  ཨན་པ་ཞལ་གནས་སྟོང་ཞལ་གནས།།ཐར་པོ་པོ་ཀྱིང་རྒྱབ་ཐར་བུ་ད་ཉིན།།སྨ་ཉན་ཀྲོང་ལི་སྦྱིན་རྒྱབ་ཐར་བུ་ད་ཉིན།།ཨ་འབྲོང་སྟོད་ལྷ་གཡག་ཁྲུ་གུ་ཐར་ཧྲན།།མི་ནེ་འབེ་གཡང་དྲུང་རི་མོ་འབྲི་རི་འགུ་ཧྲི་ན།།ཨ་དབྲ་མོས་བཤམ་མ་དབྲ་འགི་ཐར་ཧྲན།།ས་གཞི་དོ་སིལ་ཉན་སྦ་ལི་ཧྲུ་རམ་ཧྲིང།།ཨ་སྨ་ཉན་བརྩི་གདན་རྒྱང་ཧེ་ནུར་བུ།།དམའ་ཧྭ་པུ་ཉིན།།ཨ་ཡིད་སྦ་ཆུང་ན།།(ས་ཆ་དེའི་ཡུལ་སྐད་ཡིན།)
དེ་ལྟར་གཉེན་སྒྲིག་འབུལ་རྟེན་བཞག་རྗེས་གྲོང་པ་ཡུལ་མི་ཚང་མ་མོ་གསར་ཚང་དུ་འདུས་ནས་ཞབས་བྲོ་འཁྲབ་ཅིང་གླུ་དབྱངས་ལེན་པ་བཅས་དགའ་སྤྲོ་ཚད་མེད་ཀྱིས་མོ་གཟུངས་རྟེན་འབྲེལ་གྱི་མཇུག་བསྡུས་པའི་ལུགས་སྲོལ་ཡོད་དོ།།   །།
  • ལེ་ཚན་སྔོན་མ།:མི་ཉག་རོང་ཡུལ་གྱི་ལོ་སར་གཏོང་སྟངས།
  • ལེ་ཚན་རྗེས་མ།:མི་ཉག་ཡུལ་གྱི་གཉེན་སྟོན་སྐབས་འཁྲབ་པའི་འགྲོ་བྲོ།
  • དོ་སྣང་ཆེ་བའི་རྩོམ།