མི་ཉག་ཡུལ་གྱི་གཉེན་སྒྲིག་གོམས་སྲོལ།

བསྟན་གསལ།        2015-08-12

མི་ཉག་ཡུལ་གྱི་གཉེན་སྒྲིག་གོམས་སྲོལ།

སྤྱིར་བཏང་དུ་བཤད་ན་གངས་ཅན་ལྗོངས་སུ་གཞིས་ཆགས་ནས་ཡོད་པའི་བོད་རིགས་མི་དམངས་ཡོངས་རྫོགས་ཀྱི་གཉེན་སྒྲིག་གོམས་སྲོལ་གྱི་ལྷུ་ཚིགས་གཙོ་ཆེ་ས་རྣམས་གཅིག་མཚུངས་ཡོད་ལ།  བྱེ་བྲག་ཏུ་མི་ཉག་ཡུལ་དུ་གཞིས་ཆགས་ནས་ཡོད་པའི་བོད་རིགས་ཚོའི་གཉེན་སྒྲིག་གོམས་འདྲིས་ལའང་ཐུན་མོང་མིན་པའི་ཁྱད་ཆོས་ལྡན།  དེང་སང་མི་རྣམས་ཀྱིས་གཉེན་སྒྲིག་བྱེད་སྟངས་ཐད་འཛིན་པའི་ལྟ་ཚུལ་ལ་འཕོ་འགྱུར་བྱུང་ཡོད་ནའང་གནའ་དུས་ནས་ཆགས་པའི་གཉེན་སྒྲིག་བྱེད་སྟངས་ཀྱི་གོམས་འདྲིས་གཅིག་ད་ལྟར་ཡང་རྒྱུན་འཛིན་བྱས་ནས་ཡོད་པ་རེད།  དེ་མདོར་བསྡུས་ནས་བཤད་ན།སྐྱེས་པ་དང་བུ་མོའི་བར་བློ་སེམས་གཅིག་མཐུན་གྱི་བརྩེ་དུང་ཆགས་པའམ་ཡང་ན་ཕྱོགས་གཉིས་ཀའི་ཕ་མ་ལས་གཙོས་པའི་གཉེན་རིགས་ཚང་མར་ཡིད་མཐུན་བྱུང་རྗེས།སྐྱེས་པ་དང་བུ་མོ་གཉིས་ཀྱི་ཨ་ཁུ་དང་ཞང་པོ།ཕ་མ་གཉིས་ལ་སོགས་པ་གཉེན་ཉེ་རྣམས་འདུས་འཛོམས་བྱས་ནས་གཉེན་སྟོན་སྟ་གོན་བྱ་རྒྱུའི་གྲོས་བསྡུར་བྱས།གོམས་སྲོལ་ཆགས་པར་གཞིགས་ན་མནའ་མ་དང་མག་པ་བསུ་མཁན་གྱི་ཁྱིམ་ཕྱོགས་སུ་འདུས་འཛོམས་བྱ་དགོས་ཤིང་།དེ་ལྟར་གཉེན་རིགས་གཙོ་བོ་རྣམས་འདུས་འཛོམས་བྱས་ནས་ཁ་བསྐོར་གྲོས་བསྡུར་བྱེད་སྲོལ་ལ་“བཤད་སྟན”བཞག་ཅེས་བརྗོད།“བཤད་སྟན”བཞག་པའི་ཉིན་མོར་ཕྱོགས་གཉིས་ཀའི་ཕུགས་འདུན་ཅི་རིགས་ཡོད་པ་མཐའ་དག་བརྗོད་ཆོག་པ་དང་།ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་ལ་འཛིན་པའི་སྤྱོད་ཚུལ་ལམ་རྣམ་འགྱུར་ཕུགས་རྩ་རྩད་གཅོད་བྱེད་སྲོལ་མཆིས།དེ་ནི་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་གྲུབ་རྗེས་ཁ་འཆལ་སྨྲ་བའི་གནས་ཚུལ་མི་བྱུང་བའི་ཆེད་དུ་ཡིན་པ་རེད།  བཤད་སྟན་བཞག་པའི་ཉིན་མོར་ད་དུང་གཉེན་རིན་ཞེས་པའི་དངོས་པོ་ཅི་རིགས་ཤིག་བཞག་སྲོལ་འདུག  དཔེར་ན་བུ་མོའི་ཕྱོགས་ཀྱི་ཁྱིམ་གཞིས་ཀྱིས་མག་པ་བསུ་ཚང་རེ་རེ་ཞིག་མག་པའི་ཕྱོགས་ལ་སྟེར་སྲོལ་ཡོད་ཅིང་།མནའ་མ་བསུ་སྐབས་ཀྱང་དེ་དང་མཚུངས་པའི་གཉེན་རིན་སྟེར་སྲོལ་ཡོད་ཅིང་།མནའ་མ་བསུ་སྐབས་ཀྱང་ཡོད་དོ་ཅོག་དེ་གཉེན་སྟོན་བྱེད་སྔོན་ནས་མག་པ་དང་མནའ་མ་སྐྱེལ་མཁན་གྱི་ཁྱིམ་ཕྱོགས་སུ་སྟེར་ཚར་བ་བྱ་དགོས་ནའང་མཐུན་པ་ཡོང་ཕྱིར་གཉེན་རིན་དུ་སྟེར་བའི་དངོས་པོ་ཡོད་ཚད་རིམ་བཞིན་གྱིས་ཚུར་སྤྲོད་པའི་གོམས་འདྲིས་མཆིས།ཕྱོགས་གཉིས་ཀའི་གཉེན་ཉེ་ཚང་མས་ཁ་བསྐོར་གྲོས་ཐག་བཅད་རྗེས་གཟའ་སྐར་གཡང་གསུམ་འཛོམས་པའི་ཉིན་མོ་ཞིག་བདམས་ནས་གཉེན་སྟོན་རྟེན་འབྲེལ་ཞུས་པའི་སྐབས་སུ་གཏམ་བཤད་ཅེས་པའི་ས་གནས་ལ་བསྟོད་པ་དང་།རྒྱལ་རབས་རིམ་བྱུང་གི་རྒྱལ་པོ་དང་དེས་བསྐྲུན་པའི་མཛད་རྗེས་ལ་བསྔགས་བརྗོད་སྨོན་ཚིག་འདྲེས་པ་དག་མི་ཚོས་ཆུ་རྒྱུན་དྲངས་པ་ལྟར་བཤད་སྲོལ་འདུག  གོམས་སྲོལ་འདི་ནི་རྒྱ་བཟའ་འོན་ཤིང་ཀོང་ཇོ་བོད་དུ་བཙན་མོར་གདན་འདྲེན་ཞུས་པར་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་ཞེས་མི་ཉག་ཡུལ་གྱི་མི་ཚོའི་ངག་རྒྱུན་དུ་བཤད་སྲོལ་མཆིས།།
  • ལེ་ཚན་སྔོན་མ།:འབྲོག་པའི་རེ་སྟོན།
  • ལེ་ཚན་རྗེས་མ།:གཉེན་སྟོན་རྟེན་འབྲེལ་གྱི་གཏམ་བཤད་རྟ་བབ་རིན་ཆེན་བཅུ་གསུམ།
  • དོ་སྣང་ཆེ་བའི་རྩོམ།