ཁམས་མི་ཉག་སྨུག་རོང་གི་མཚོ་དཀར་མ།

    བློ་བཟང་རྒྱ་མཚོ།    2015-08-10

ཁམས་མི་ཉག་སྨུག་རོང་གི་མཚོ་དཀར་མ།

མཚོ་དཀར་མ་ཞེས་སྔོ་ཞིང་དྭངས་ལ་རྒྱང་ནས་བལྟས་ན་ཅུང་དཀར་འོད་ཡོད་པས་མཚོ་དཀར་མ་ཞེས་ཟེར་ཡང་ལྟ་ལུགས་གཅིག་བྱས་ན་ཕྱེད་དཀར་ལ་ཕྱེད་སྔོ་བ་འཆར་ལ་ཉི་འོད་དང་ཁོར་ཡུག་གི་འགྱུར་ཟློག་གི་དབང་གིས་འོད་སྣ་ཚོགས་འཚེར་བ་ངོ་མཚར་བའི་མཚན་མ་གང་མང་ཡོད།མཚོ་དེའི་མཐའ་འཁོར་རྫ་རི་དང་ནགས་རི།སྤང་ལྗོངས་དང་མེ་ཏོག་སོགས་རི་མོ་མཁན་ཞིག་གིས་ཆེད་དུ་བྲིས་པའི་མཛེས་ལྗོངས་ཀྱི་ཐང་ཀ་ཞིག་དང་འདྲའོ།།སྤྱིར་ཀོ་ཀོས་ཁྱ་རའི་ལུང་པ་འདི་ཁྱད་འཕགས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་ལ།སྔོན་བྱོན་མཁས་པའི་དབང་པོ་བླ་མ་དར་རྒྱས་ཀྱི་ཞལ་ནས་ཀྱང་སྦས་ཡུལ་དབང་དྲག་གུར་ཁང་གཡུང་དྲུང་དགའ་འཁྱིལ་ཚལ་ཞེས་པའི་ས་མིང་གསོལ།ལུང་པ་ཡངས་ཤིང་རྒྱ་ཆེ་ལ་རི་ཐང་ཀུན་མེ་ཏོག་སྣ་མང་གིས་གང་བ།གདོད་མའི་ནགས་ཚལ་གྱིས་མཐའ་བསྐོར་ནས་ཡོད་པ།དབུས་ན་དྭངས་གཙང་ཆུའི་བདུད་རྩི་འཁྱིལ་ཞིང་དྭངས་གཙང་ཆབ་རྒྱུན་གྱི་གཡུ་འབྲུག་ཀུན་ནས་འཁྱིལ་བ།སྟོད་ན་ནོར་བདག་འཛམ་ལྷ་རང་བྱུང་གི་རི་བཞུགས་ཤིང་མདུན་དུ་མཚོ་མོའི་ཡོན་ཆབ་འབུལ་འདྲ།རྐེད་ལ་སྟག་མ་སོགས་མེ་ཏོག་སྣ་ཚོགས་ཀྱི་དོ་ཤལ་མཛེས་པ།གཡོན་ཟུར་ན་རྒྱལ་བའི་བཀའ་བསྟན་གྱི་གླེགས་བམ་བརྩེགས་པའི་རང་བྱོན་བྲག་རི་ཡིས་དད་པའི་དྭངས་བ་འདྲེན་ཞིང་ཐར་བའི་ལམ་སྣ་འདྲེན་པ་བཞུགས་སོ།།ས་ཕྱོགས་ཀུན་ཏུ་རྩི་ཤིང་ནགས་ཚལ་དང་ནགས་ཚལ་གྱི་རྩེ་ན་བྱ་དང་བྱེའུས་དབྱངས་སྙན་ཀུན་ནས་སྒྲོག་པ།མཚོ་མོའི་ནང་ངང་ངུར་གྱིས་རྩེད་དགས་མྱོས་ཤིང་ཀུན་གྱི་ཡིད་དབང་འཕྲོག་པ་སོགས་བརྗོད་ལས་འདས་པའི་མཛེས་ལྗོངས་སྦས་ཡུལ་དག་པའི་ཞིང་མཆོག་མངོན་སུམ་དུ་འདྲེན་བྱེད་ལམ་དུ་འཆར་བ་འདི་ཡང་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་ཅིས་མ་ཡིན་སྙམ་པ་ཡོད་དོ།།

  • ལེ་ཚན་སྔོན་མ།:ལུང་བསྟན་འབྲུག་མོ་མཚོ།
  • ལེ་ཚན་རྗེས་མ།:མི་རྒོད་མཚོ་ཡི་གཏམ་རྒྱུད།