བོད་ཀྱི་སློབ་གསོའི་སྐོར་གྱི་གཏམ་གླེང་ཐོར་བུ།

ཕག་མོ་དོན་གྲུབ།        2015-06-30

བོད་ཀྱི་སློབ་གསོའི་སྐོར་གྱི་གཏམ་གླེང་ཐོར་བུ།

ད་ལྟའི་དུས་རབས་འདི་ནི་འགྲན་རྩོད་དང་འཕེལ་རྒྱས་ཀྱི་རླབས་ཕྲེང་ཆེས་ཆེར་གཡོ་ཞིང་།ཡོད་ཚད་ཀྱི་རྩ་བ་སློབ་གསོ་ལ་ཁས་འཆེས་པའི་སྤྱི་ཚོགས་ཤིག་རེད།ཀུན་གྱིས་ཤེས་གསལ་ལྟར་སློབ་གསོ་བཟང་པོ་ཞིག་སྤེལ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཤིག་གམ་ཡང་ན་མི་སྒེར་གང་རུང་ཞིག་ལ་མཚོན་ནའང་ཤིན་ཏུ་གལ་ཆེ་ཞིང་།མཐར་གཏུགས་ན་དེ་ནི་སྲིད་པའི་འཚོ་གནས་དང་འབྲེལ་བའི་གནད་དོན་ཞིག་ཀྱང་ཡིན་པས།མི་སུ་དང་སུ་ཞིག་ཡིན་རུང་སློབ་གསོ་ནི་བླ་རུ་བཀུར་ནས་གཙིགས་སུ་འཛིན་དགོས་པའི་བྱ་གཞག་ཅིག་ཡིན་ལ།དེ་ལས་ཀྱང་སློབ་གསོའི་ལས་གནས་དང་པོ་རུ་གནས་པའི་སློབ་གྲྭ་དང་དགེ་རྒན་དག་གི་ཕྲག་ཏུ་བབས་པའི་འགན་འཁྲི་ནི་ལྷག་ཏུ་ལྕི་ཞིང་།བྱ་བའི་ཁྲོད་རྣམ་གཡེང་དང་རང་དོན་སྒྲུབ་པ་སོགས་ལ་མགོ་བོ་འཁོར་ནས་སློབ་གསོའི་ལས་དོན་ལ་འཐུས་ཤོར་ཅི་རིགས་བྱུང་ཚེ།དེ་ནི་སུས་ཀྱང་བཟོད་སྒོམ་མི་བྱེད་པའི་ནག་ཉེས་ཆེན་པོ་ཞིག་ཏུ་གྱུར་པ་རེད།འདིར་བདག་གིས་གཞི་རིམ་གྱི་སློབ་གསོའི་ལས་གནས་སྟེང་ནས་མི་ལོ་འགར་བྱ་བ་བསྒྲུབས་པའི་ཉམས་མྱོང་ངམ་སྐབས་དེའི་མཐོང་ཐོས་དྲན་རེག་དང་སྦྲགས་ད་ལྟའི་བོད་ཁུལ་སློབ་གསོ་ལ་རང་ཉིད་ཀྱི་དྲན་འཆར་འགའ་བརྗོད་རྒྱུ་ཡིན་པ་དང་།འདིས་ཀྱང་གོང་ནས་གོང་དུ་འཕེལ་བའི་བོད་ཀྱི་སློབ་གསོའི་མཚོ་མོ་ལ་ཆུ་ཐིགས་ལྟ་བུའི་རྟིང་མའི་རྔོ་ཞིག་ཐོགས་ནའང་ཐམས་ཅད་དགའ་བའི་གནས་སུ་ཅི་མི་འགྱུར།
    གཅིགདགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་སྐོར་བཤད་པ།
    ནམ་ཡང་སློབ་གསོའི་ལས་གནས་དང་པོ་རུ་འགྲེངས་པའི་དགེ་རྒན་ནི་ཀུན་གྱིས་བརྩི་འཇོག་དང་བཀུར་གཟོ་ཆེ་བའི་མིའི་རིགས་ཀྱི་དེད་དཔོན་ནམ་ངལ་འཁང་གཉིས་བཟོད་ཀྱི་རིག་པའི་དཔའ་བོ་རེད།དེ་བཞིན་དུ་སློབ་གསོའི་ལས་དོན་གོང་སྤེལ་དང་ལེགས་ལམ་དུ་བཀྲི་བའི་ཁག་ཐེག་ཀྱང་ཡིན་པས།ཚུལ་ལྡན་ལུགས་མཐུན་དང་སློབ་གསོའི་ལས་གནས་ལ་དུངས་པ་ཆེ་བའི་དགེ་རྒན་གྱི་དཔུང་སྡེ་བཟང་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན།འོན་ཀྱང་།བོད་ཀྱི་ས་ཁུལ་མང་པོར་ད་དུང་དགེ་རྒན་མི་འདང་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་ཅིང་།ཁ་ཐག་རིང་ལ་འཕེལ་རྒྱས་སུ་དེ་འདྲ་ཕྱིན་མེད་པའི་ས་ཁུལ་དུ་གནད་དོན་འདི་ལྷག་ཏུ་ཚབས་ཆེ་བ་དང་།སློབ་གྲྭ་ལ་ལར་དགེ་རྒན་གླས་མའམ་ཚབ་ཁྲིད་དགེ་རྒན་མང་པོ་བསྡུ་རུབ་བྱས་ཏེ་དགེ་རྒན་དངོས་མ་ལས་ཀྱང་མང་བའི་རྣམ་པ་ཐོན་ཡོད།དེར་མ་ཟད་ལུས་རྩལ་དང་མཛེས་རྩལ།རོལ་མོ་བཅས་ཀྱི་ཆེད་ལས་དགེ་རྒན་ལའང་ཆད་ལྷག་ཆེན་པོ་བྱུང་འདུག་ལ།དགེ་རྒན་རེ་གཉིས་ཡོད་ཀྱང་སློབ་ཁྲིད་གཞན་དག་བཀོད་སྒྲིག་བྱས་ནས་ཆེད་ལས་ཀྱི་སློབ་ཁྲིད་ལག་བསྟར་བྱེད་པར་བཀག་རྒྱ་ཐེབས་ཤིང་།དེའི་སྐོར་གྱི་སློབ་མ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་པ་བག་ལ་ཞ་ཡོད།
    ཡང་ལོ་འདི་འགར་སྲིད་གཞུང་གིས་དགེ་རྒན་སྡུད་ཚད་ཇེ་མང་དུ་བཏང་བ་དང་བསྟུན་ས་ཁུལ་ལ་ལ་ནས་ཁྱིམ་ཐོའི་བཀག་རྒྱ་སོགས་བཟོས་ཏེ།འགྲན་རྩོད་ཀྱི་ཚད་ཇེ་དམའ་རུ་བཏང་ནས་ས་གནས་ཀྱི་མཐར་ཕྱིན་སློབ་མ་དག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད།སྤྱིར་འདི་ནི་མི་རུང་བའི་བྱ་བ་ཞིག་མིན་ཡང་ས་གནས་དེར་ཕུལ་བྱུང་འཇོན་ཐང་མི་སྣ་ནང་འདྲེན་བྱེད་པར་གཟུགས་མེད་ཀྱི་འགག་སྒོ་ཞིག་བསྐྲུན་འདུགདྲང་བོར་བཤད་ན་སློབ་གསོའི་ལས་གནས་ནི་མི་ལ་ཤས་ཤིག་གི་རྩམ་ཁུག་གམ་ཁ་རྒྱབ་ཀྱི་གནད་དོན་ཐག་གཅོད་བྱ་སའི་གནས་མལ་མིན་པས།སློབ་གསོ་དེ་དཀྱེལ་ཡངས་དང་རེ་བས་ཁེངས་པའི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་ལས་དེ་ལྟའི་གུ་དོག་པའི་ས་གནས་སྲུང་སྐྱོང་ལམ་ལུགས་ཀྱི་གོལ་ལམ་དུ་འགྲོ་མི་རུང་།ད་ལྟ་གོང་གསལ་གྱི་གནས་ཚུལ་དེ་དག་དང་འདྲ་བའི་གནད་དོན་ཧ་ཅང་མང་ལ་ཛ་དྲག་ཆེ་བའི་དབང་གིས་ང་ཚོའི་སློབ་གསོའི་ལས་དོན་དེ་ཚན་རིག་དང་མཐུན་པའི་ཚད་ལྡན་ཞིག་ཏུ་ད་རུང་བར་ཐག་ཡོད་ལ།དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་ལྕི་མོ་དེ་ཡང་ལེགས་པོ་ཞིག་འགྲུབ་ཐུབ་ཀྱིན་མེད་པས།མཁྱེན་ལྡན་གྱི་ཕ་མ་རྣམས་དང་སྤྱི་ཚོགས་ཀྱི་ཤེས་པ་ཅན་དག་གིས་དེ་ལ་ངོས་ཟིན་གསལ་བོ་ཞིག་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་སྙམ།
    གཉིས།སློབ་མའི་འཇོན་ནུས་དང་དགའ་ཕྱོགས་སྐོར་བཤད་པ།
    མིག་སྔར།རང་རེའི་སློབ་གྲྭ་ཁག་གི་བྱ་བ་གཙོ་བོ་སློབ་པའི་ལས་གཅིག་པུ་ལ་གཞོལ་ཆེ་བ་དང་།སློབ་གྲྭ་གང་ཞིག་གི་སློབ་མས་ཡིག་རྒྱུགས་འཕྲོད་ཚད་མཐོ་ན་དེ་ནི་སློབ་གྲྭ་བཟང་པོ་དང་དགེ་རྒན་བཟང་པོ།སློབ་གཙོ་བཟང་པོ་ཡིན་པས།ཐམས་ཅད་ཀྱིས་དེ་ནི་ལེགས་ཉེས་འབྱེད་པའི་ཚད་གཞི་ཉག་གཅིག་ཏུ་འཛིན་གྱིན་ཡོད།དགེ་རྒན་དང་སློབ་གྲྭ་དག་གིས་སློབ་མའི་ཆེད་དུ་དཀའ་སྤྱད་འབད་འབུངས་བྱས་ན་ང་ཚོས་དགའ་བསུ་དང་རྒྱབ་སྐྱོར་གྱི་མཐེ་བོང་བསྒྲེང་རྒྱུ་ལས་འོས་མིན་གྱི་སྐད་ཆ་གཞན་བཤད་མི་རིགས་མོད།ཡིན་ཡང་མཐའ་གཅིག་ཏུ་སློབ་མ་ཐམས་ཅད་པོ་མགོ་སྒུར་ནས་རྒྱུགས་ལ་གྲ་སྒྲིག་བྱེད་པའི་ལས་ལ་བསྐུལ་ན་དེ་ཡང་དེ་འདྲའི་ཡང་དག་པ་ཞིག་མ་རེད་སྙམ།རྒྱུ་མཚན་ནི་སློབ་མ་རེ་རེ་ནི་གཞན་དང་མི་མཐུན་པའི་ཡན་གར་བ་ཞིག་ཡིན་པ་དང་།དེར་སོ་སོའི་དགའ་མོས་དང་འཇོན་ནུས་མི་འདྲ་བ་རེ་ལྡན་པས།སློབ་གསོའི་ལས་སྒྲུབ་པ་ཞིག་ལ་མཚོན་ན་ཅིས་ཀྱང་སློབ་བུ་དག་གི་རྩ་བའི་གནས་ཚུལ་ལ་ཞིབ་གསལ་ཡང་དག་གི་རྒྱུས་ལོན་ཞིག་བྱ་དགོས་པ་ནི་རང་ཉིད་ཀྱི་འོས་འགན་ཡིན་ལ།ཅིས་ཀྱང་རིག་པ་རྩལ་དུ་སྤྲུགས་ནས་སོ་སོའི་ལུས་ཁམས་དང་མཐུན་པའི་བྱ་བ་རེ་བསྒྲུབ་རྒྱུ་ནི་ཤིན་ཏུ་གལ་ཆེ།ང་ཚོས་སློབ་མའི་འཇོན་ནུས་དང་དགའ་ཕྱོགས་སྐྱེད་སྲིང་བྱ་དགོས་ལ།དེ་ལ་བརྩོན་པ་ཤུགས་བསྐྱེད་ཀྱིས་སྒྱུ་རྩལ་པ་དང་ལུས་རྩལ་པ།ལག་རྩལ་པ་སོགས་ལས་རིགས་མི་གཅིག་པའི་འཇོན་མི་མང་པོ་གསོ་སྐྱོང་དང་འཚར་ལོངས་འབྱུང་དུ་འཇུག་དགོས།དེ་ལས་གཞན་རང་ཅག་བོད་ཀྱི་སློབ་གྲྭ་ཁག་ཏུ་རྩིས་ཚན་ལ་འཇུག་པའི་སློབ་མ་ཤིན་ཏུ་ཉུང་བའི་སྣང་ཚུལ་ཁྱད་པར་ཅན་ཞིག་འདུག་ལ།དེ་ནི་སྔོན་ཐོན་གྱི་མི་རིགས་དག་དང་བསྡུར་ན་གོ་ལྡོག་པའི་རྣམ་པ་ཞིག་ཏུ་ཆགས་འདུགགལ་ཏེ།རྗེས་སོར་གནས་ཚུལ་འདི་ལ་ད་དུང་འགྱུར་བ་མ་བྱུང་བར་མུ་མཐུད་དུ་འདི་ལྟར་ཕྱིན་ཚེ།ང་ཚོའི་དམིགས་འདུན་དེའང་རྨི་ལམ་དང་ཁ་གཡང་ལྟ་བུ་ཞིག་ཏུ་གྱུར་ནས་གངས་རིའི་ལྗོངས་སུ་ཚན་རིག་ལག་རྩལ་གྱི་ཉི་གཞོན་ཇི་ལྟར་བསུ་ཨང་།དོན་དངོས་སྟེང་སྤྱི་ཚོགས་ཐོག་གི་ལས་རིགས་མང་པོ་ཞིག་ནི་རྩིས་དང་བཟོ་ཡི་སྐོར་ལ་འབྲེལ་བ་ཡོད་པ་ལ།ང་ཚོས་ད་དུང་མུ་མཐུད་དུ་རིག་ཚན་སྐོར་གྱི་སློབ་མ་མང་པོ་སྐྱེད་སྲིང་མ་བྱས་ན་དུས་ཀྱི་གནས་བབས་དང་མི་མཐུན་པའི་སྣང་ཚུལ་འབྱུང་བས།ང་ཚོས་ལམ་སེང་དེ་ལ་བསྒྱུར་བཅོས་ཤིག་བྱ་རན་འདུག་སྙམ།
    གསུམ།སློབ་གྲྭའི་སྒྲིག་ཆས་སོགས་ཀྱི་བེད་སྤྱོད་སྐོར་བཤད་པ།
    སློབ་གྲྭ་གང་ཞིག་ལ་སྒྲིག་ཆས་དང་ཅ་ལག་འཛོམས་པོ་ཞིག་ཡོད་མེད་དེས་སློབ་གྲྭ་དེའི་སློབ་སྒྲུབ་ཆ་རྐྱེན་བཟང་མིན་མཚོན་ཐུབ་ལ།སྣ་འཛོམས་ཀྱི་སློབ་མ་བཟང་པོ་ཞིག་ཐོན་མིན་ལའང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད།སློབ་གཉེར་གྱི་གོ་རིམ་ཁྲོད་དུ་སློབ་མ་དག་གིས་སྒྲིག་ཆས་དེ་དག་བེད་སྤྱོད་གཏང་དགོས་པ་དང་།དེས་སློབ་མའི་རྒྱུད་ལ་དངོས་དང་ཤུགས་ཀྱི་ཕན་འབྲས་ངེས་ཅན་ཞིག་འཐོབ་ངེས།དེ་བཞིན་དུ་སློབ་མ་ཚོར་དེ་དག་རང་དབང་སྒོས་བེད་སྤྱོད་གཏོང་བའི་ཁེ་དབང་ཡོད།རྒྱུ་མཚན་ནི་སྒྲིག་ཆས་དེ་དག་ནི་ཆེད་དུ་སློབ་མ་ཚོར་གྲ་སྒྲིག་བྱས་པས་སོ།།ཡིན་ཡང་།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་སློབ་མ་ཚོར་དེ་དག་དང་འབྲེལ་བ་བྱ་རྒྱུའི་གོ་སྐབས་ཤིན་ཏུ་ཉུང་ཞིང་།སློབ་གཙོ་ལ་སོགས་པའི་སློབ་གྲྭའི་དོ་དམ་མི་སྣ་དག་གིས་ཐོན་ཁུངས་དེ་དག་ནི་ཁོ་ཚོ་སྒེར་གྱི་ཅ་ལག་ཅིག་དང་འདྲ་བར་བདག་དམ་བྱས་པ་མང་དྲགས་ནས་སློབ་མ་ཚོའི་སློབ་སྦྱོང་གི་འཚོ་བ་དང་རྒྱང་དུ་བཀྱེད་པར་བྱས་ཡོད།དོན་དངོས་སུ་འདི་ནི་ཤར་ཕྱོགས་པའི་ཐལ་དྲགས་པའི་དངོས་པོ་གཅེས་འཛིན་གྱི་ནད་རྙིང་ཞིག་སྟེ།ཆ་རྐྱེན་གང་ཞིག་འཛོམས་ཚེ་དེ་ཉིད་ལག་ལེན་དང་བེད་སྤྱོད་བྱེད་དུ་མི་འཇུག་པར་རེམ་པར་བདག་དམ་རྐྱང་རྐྱང་བྱས་ནས་མཐའ་མཇུག་སྤྱོད་གོ་ཅི་ཡང་ཆོད་མེད་པའི་བཤམས་དངོས་ལྟ་བུ་ཞིག་ཏུ་བསྒྱུར་ཡོད་པ་རེད།ང་ཚོས་དེའི་མིང་ལ་རྒྱུ་ནོར་ཤི་བོ་ཞེས་གདག་པར་རིགས་ཤིང་།ངས་འདིར་བརྗོད་འདོད་པ་ཞིག་ནི་རང་རེའི་བོད་ཁུལ་གྱི་སློབ་གཙོ་དང་འབྲེལ་ཡོད་ཀྱི་དོ་དམ་མི་སྣ་དག་གིས་སྒྲིག་ཆས་སོགས་བེད་སྤྱོད་གཏོང་བ་ལ་དེ་འདྲའི་སེར་སྣ་མི་བྱ་བར་སྐྱེས་ཕོ་རབ་ཅིག་གི་བཟོ་ལྟ་མངོན་ནས་སློབ་མ་ཚོར་སྒོ་ཡངས་པོར་ཕྱེས་ཏེ།དཔེ་མཛོད་ཁང་གི་དཔེ་དེབ་དང་ཚོད་ལྟ་ཁང་གི་ཅ་ལག་ཅི་དགར་ལོངས་སུ་སྤྱོད་དུ་འཇུག་དགོས་ལ།རྩིས་འཁོར་དང་བསྐྱར་དཔར་འཕྲུལ་ཆས་སོགས་ཀྱང་གང་མཁོ་གང་བཟང་སྒོས་བེད་སྤྱོད་གཏང་བར་མཐུན་རྐྱེན་གང་ལེགས་བསྐྲུན་དགོས།ཇི་སྐད་དུ་ཡོད་ཚད་སློབ་མའི་ཆེད་དུ་ཟེར་བ་ལྟར་སློབ་མ་ལ་ཞབས་ཞུ་གང་ལེགས་བསྒྲུབ་རྒྱུ་ནི་སློབ་གསོའི་ལས་སྒྲུབ་པ་དག་གི་འོས་འགན་ཉག་ཅིག་ཀྱང་ཡིན།དངོས་སུ་བཤད་ན་རྒྱུ་དངོས་ཤིག་བརླགས་ཚེ་སླར་ཡང་སྒྲིག་བཟོ་དང་བླུ་ཉོ་བྱས་ཆོག་མོད།ཡིན་ཡང་མི་ཞིག་བརླགས་ཚེ་ཡོད་ཚད་འཕྱི་སོང་བ་ཡིན་ནོ།།
 

  • ལེ་ཚན་སྔོན་མ།:སློབ་གསོའི་ཐབས་ཤིག 
  • ལེ་ཚན་རྗེས་མ།:ལི་སྨད་སློབ་ཆུང་གི་བྱུང་བ་བརྗོད་པ་རིན་ཆེན་ནོར་བུའི་ཕྲེང་བ།
  • དོ་སྣང་ཆེ་བའི་རྩོམ།