མར་རྡོག་འདོན་པའི་བརྒྱུད་རིམ།

སོག་རུ་ཀརྨ་ཀུན་ཁྱབ།        2015-06-30

མར་རྡོག་འདོན་པའི་བརྒྱུད་རིམ།


འོ་མ་དང་ཞོ་ནས་མར་རྡོག་འདོན་པ་ནི་དཀར་ལས་བྱེད་པའི་ཆེས་གཙོ་བོའི་དམིགས་ཡུལ་དེ་ཡིན་ཏེ།མར་ནི་བོད་མིའི་ཁ་ཟས་མང་པོ་ཞིག་ལ་མེད་དུ་མི་རུང་བའི་གྲུབ་ཆ་ཡིན་པར་མ་ཟད།རྟེན་ལ་མཆོད་འབུལ་དང་།གསོ་རིག་སྨན་སྦྱོར་སོགས་མང་པོར་དགོས་གལ་ཧ་ཅང་ཆེ་བས་མར་ནི་བོད་མིའི་ཚེ་གང་གི་འཚོ་བའི་ཁྲོད་ཁ་འབྲལ་ཐབས་མེད་པའི་ཟས་རིགས་ཤིག་ཡིན་པས་སོ།།དེ་ལ་འོ་མ་དང་ཞོ་ནས་མར་རྡོག་འདོན་སྟངས་ཐད་ལྷོ་བྱང་སྟོད་སྨད་ཀྱི་ས་ཁུལ་མི་འདྲ་བ་ཅུང་ཟད་ཡོད་རབས་འདུག་པས་མཐའ་དག་བརྗོད་པའི་སྤོབས་མ་མཆིས་ཤིང་།འདིར་རང་གི་ཕ་ཡུལ་སོགས་ནས་མཐོང་ཐོས་བྱུང་རིགས་ཙམ་གླེང་ན།ཐོག་མར་འོ་མ་ཚ་གྲང་རན་པོར་བསྙལ་བའི་གར་སླ་སྙོམ་ལ་དྭངས་སྤྲིས་བཟང་བ།ནག་ནོག་གི་གཡའ་ཙམ་མེད་པའི་ཞོ་དེ་ཉིད་ཞོ་མདོང་ངམ།གྲོད་པུ་དང་རྐྱལ་བ་སོགས་འཁོས་འབྱོར་དང་ཞོ་མང་ཉུང་སོགས་ལ་བསྟུན་པའི་དཀྲོག་སྣོད་གང་རུང་དུ་བླུག་ནས་དཀྲོག་དགོས།དཀྲོག་སྟངས་ཐད།ཞོ་མདོང་ཡིན་ན་ཞོ་མདོང་གི་ཕྱེད་ཡར་ལྷག་ཙམ་བར་དུ་ཞོ་བླུག་རྗེས་ཞོ་མདོང་གི་ཁར་རས་དཀར་པོ་ནག་ནོག་མེད་པ་ཞིག་གིས་བཅད་བརྒྱབ་རྗེས་ལག་གཉིས་ཀྱིས་དལ་བོའི་ངང་ཡར་འཐེན་མར་མནན་གྱིས་དཀྲོག་པ་ཡིན།དཀྲོག་སྐབས་ཤུགས་ཆེ་ན་མདོང་རྒྱ་བུད་པ་དང་།ཞོ་འཆིར་བ་སོགས་འབྱུང་སྲིད་ལ།ཤུགས་ཆུང་ན་ཞོ་དེ་མྱུར་དུ་ཐོན་རྒྱུར་གེགས་བྱེད་སྲིད།དཀྲོག་སྟངས་ཐད་ལྷོ་ཁ་ས་ཁུལ་གྱི་འབྲོག་པའི་དམངས་གཞས་འདི་འདྲ་ཞིག་ཡོད་པ་ཡིན་ཏེ།
ཞོ་ལ་ཁ་དཀྲོག་མ་རྒྱག  །
ཞོ་ལ་གཏིང་དཀྲུག་མ་རྒྱག །
ཁ་གཏིང་ལོན་པར་དཀྲོག་དང་།།
སེར་པོའི་མར་རྡོག་འདྲིལ་ཡོང་།།ཞེས་དང་།ཡང་།
ཞོ་སྐད་དང་པོ་བརྒྱབ་བྱུང་།།
ཞོ་ཆུ་རན་པ་མིན་ནམ།།
ཞོ་སྐད་གཉིས་པ་བརྒྱབ་བྱུང་།།
གསེ་བ་གོ་བ་བཞེས་དང་།།
ཞོ་སྐད་གསུམ་པ་བརྒྱབ་བྱུང་།།
མར་རྡོག་འདྲིལ་བ་མིན་ནམ།།   ཞེས་པའི་ཞོ་གླུའི་ནང་དོན་ལྟར་ཉམས་མྱོང་ཅན་གྱི་འབྲོག་མོ་ཚོས་ཞོ་དཀྲོག་པའི་སྒྲ་ལ་གཞིགས་ནས་ཞོ་ཆུ་ག་དུས་བླུག་དགོས་པ་དང་།འཁྱགས་ཆུ་ཇི་འདྲ་ཡིན་པ།མར་རྡོག་ག་དུས་སྒྲིལ་རན་མིན་སོགས་ཤེས་རྟོགས་ཐུབ་ཀྱི་ཡོད།ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ཙམ་སྟེ་ཁ་གྲངས་སུམ་བརྒྱའི་གཡས་གཡོན་ཞིག་དཀྲོག་པ་དགོས་པ་དང་དེར་གྲང་དཀྲོག་ཡང་ཟེར།དུས་ཚོད་དེའི་སྐོར་ལ་ཞོའི་ཁ་རུ་མར་སིལ་ཆུང་ཆུང་འགའ་རེ་སེར་ཤིག་ཤིག་ཏུ་དོན་ཡོང་སྐབས་སྤྱིར་ན་ཞོ་ཆུ་བླུག་རན་པ་ཡིན།ཞོ་ཆུ་རྒྱག་སྟངས་ལ་ཞོ་དེ་ཅུང་ཟད་འཁྱགས་པའི་རྣམ་པ་ཡོད་ན་མང་ཉུང་རན་པའི་ཆུ་ཚ་འཇམ་ལག་རྒྱུན་ལྟར་ཤིན་ཏུ་རན་པོ་རེ་བླུག་ནས་སླར་ཡང་དཀྲོག་ནས་མར་རྡོག་སྒྲིལ་བ་ཡིན་ལ།གལ་སྲིད་ཞོ་དེ་ཅུང་ཟད་བཞུ་བའི་རྣམ་པ་ཡོད་ན་ཆུ་གྲང་མང་ཉུང་རན་པོ་རེ་བླུག་སྲོལ་ཡོད་ཅིང་།དེ་ལའང་ནམ་ཟླའི་དྲོ་གྲང་དང་།ཉིན་རེའི་གནམ་གཤིས་ཁྱད་པར།ཐ་ན་སྔ་དགོང་གི་དྲོ་གྲང་སོགས་དང་བསྟུན་དགོས་གལ་ཤིན་ཏུ་ཆེ།ཞོ་དཀྲོག་པར་གལ་ཆེ་ཤོས་ནི་ཞོ་དེ་བཞུ་འཁྱགས་རན་པོ་ཞིག་དགོས་པ་ཡིན་ཏེ།བཞུ་འཁྱགས་མ་རན་པའི་ཞོ་དཀྲོག་པ་ནི་དཀའ་ལས་ཁག་ལ་ལས་ཕྱོད་སྐྱོ་པ།ཐོན་སྤུས་ཞན་པ་སོགས་ཀྱི་ཉེས་སྐྱོན་འབྱུང་བ་ཡིན་ཏེ།དཔེར་ན།དྲོ་ཚད་མཐོ་དྲགས་ནས་ཞོ་བཞུ་ན་དར་བ་དང་མཉམ་དུ་མར་མང་པོ་རྒྱུག་འགྲོ་བ་དང་།རྗེས་སུ་ཆུ་བཅག་བྱེད་སྐབས་མཁྲེགས་པོ་མེད་པའི་སོབ་སོབ་ཅན་ཁ་ཚ་རྒྱག་སླ་བ་སོགས་ཀྱི་སྐྱོན་ཆ་ཐོན་པ་ཡིན་ལ།དྲོ་ཚད་དམའ་དྲགས་པའི་ཞོ་ནི་དཀྲོག་དཀའ་ལ་མར་རྣམས་རྡོག་པོ་གཅིག་ཏུ་མི་འདྲེས་པས་དར་བ་དང་མཉམ་དུ་མར་སིབ་མང་པོ་ཤོར་འགྲོ་བ་དང་།རྗེས་སུ་ཆུ་བཅག་བྱེད་སྐབས་རྡོག་པོ་ཆུང་ཆུང་སྲན་མ་ཙམ་མང་པོ་བསྣུར་དཀའ་བ་སོགས་ཀྱི་སྐྱོན་ཆ་འབྱུང་སྲིད།དེར་བརྟེན་དམངས་ཁྲོད་ཁ་དཔེ་ཞིག་ཏུ།ཕོ་ཤེས་མེད་ཀྱི་སྟོན་རྟ་འཁྱགས་རྒྱུག   སྨན་ཤེས་མེད་ཀྱི་དགུན་ཞོ་འཁྱགས་དཀྲོག་ཅེས་ཟེར་སྲོལ་ཡོད།  ཡང་ནག་ཆུའི་ཤར་རྒྱུད་ས་ཆར་འོ་མ་བཞོས་ཚར་མཚམས་མེ་ལ་མ་སྐོལ་བར་ཐད་ཀར་དཀྲོག་སྲོལ་ཡོད་པ་དང་།དཀྲོག་པའི་བརྒྱུད་རིམ་ནང་འོ་མ་དཀྲོག་མཁན་ཚོས་བཤད་སྲོལ་ལྟར་ན་འོ་མ་ཞོ་ལས་ངོ་བོ་སླ་བས་མར་ཐོན་མགྱོགས་ལ་སྤྲིས་མ་ལེན་མྱོང་མེད་སྟབས།མར་ཐོན་ཆེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ཚུལ་གླེང་སྲོལ་འདུག་ལ།དཀྲོག་ལུགས་གོང་དུ་ཞོ་དཀྲོག་པ་དང་གཅིག་མཚུངས་ཡིན་ཏེ།དྲོ་གྲང་རན་པར་བཟོས་ནས་རིམ་བཞིན་མར་རྡོག་འདྲིལ་ཐུབ་པ་བྱེད་ཀྱི་ཡོད།དེ་མིན་སྐབས་འགར་ཞོ་དང་འོ་མ་མཉམ་དུ་བསྲེས་ནས་ཀྱང་དཀྲོག་སྲོལ་ཡོད་འདུག་པ་བཅས་ཡུལ་ལུང་སོ་སོའི་ཕ་མེས་དུས་ནས་ལག་རྒྱུན་བསྟར་ཆགས་སུ་བརྒྱུད་པའི་དཀྲོག་སྲོལ་སྣ་ཚོགས་ཡོད་ཀྱང་དམིགས་ཡུལ་ནི་གཅིག་མཚུངས་ཡིན་ཏེ།མར་རྡོག་འདོན་པ་དེ་ཡིན་ཞིང་།མར་འདོན་པ་ནི་འབྲོག་མི་ཚོས་དཀར་ཆུའི་སྙིང་བཅུད་ལྟ་བུ་ཞིག་དང་དཀར་ལས་བྱས་པའི་མདོ་དོན་ལྟ་བུར་བརྩི་སྲོལ་ཡོད་པས་སོ།།

  • ལེ་ཚན་སྔོན་མ།:འོ་མས་བཟོས་པའི་ཁ་ཟས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཆུ་གཤེར་རྩམ་པ།