འཇམ་དཔལ་རྒྱ་མཚོ་གེ་སར་ཞིབ་འཇུག་གི་སྟེགས་བུར་འཛེགས།

ཡེ་ཤེས་མགོན་པོ།        2011-01-05

 འཇམ་དཔལ་རྒྱ་མཚོ་གེ་སར་ཞིབ་འཇུག་གི་སྟེགས་བུར་འཛེགས།


འཇམ་དཔལ་རྒྱ་མཚོ་ནི་སྤྱི་ལོ༡༩༣༨ལོའི་ཟླ་བ༡༠པའི་ནང་འབའ་ཐང་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། དེའི་སྐབས་ཀྱི་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་ཁོར་ཡུག་སོགས་དེང་སྐབས་དང་བསྡུར་ན་ཧ་ཅང་ཞན་པོ་ཡིན་རུང་། འོན་ཀྱང་འཇམ་དཔལ་རྒྱ་མཚོ་རང་ཉིད་ལ་རིག་གནས་སྦྱོང་བའི་འདོད་བློས་ཁེངས་པར་ཕ་མ་གཉིས་ཀྱིས་རྒྱབ་སྐྱོར་དང་གཅེས་སྐྱོང་བྱས་མཐར། ལོ་ན་བདུན་ལ་སོན་ཁར་ཕ་མ་གཉིས་ཀྱིས་བཀོད་སྒྲིག་ལྟར་ཁོང་ཉིད་འབའ་ཐང་རྫོང་སློབ་ཆུང་གི་རྒྱལ་སྒོའི་ནང་གོམ་ཁ་བསྒྱུར་ནས་སློབ་གཉེར་བྱེད་པའི་ལམ་དུ་སྐྱོད་འགོ་ཚུགས། རང་ལ་རྨོངས་པའི་སྨག་རུམ་སེལ་རྒྱུའི་འདུན་པ་དྲག་པོས་བཅིངས་པའི་དབང་གིས་ཁོས་དུས་ཚོད་སྐར་ཆ་ཙམ་ལའང་དམ་དུ་འཛིན་ནས་རིག་གནས་ཀྱི་འཚོ་བཅུད་ཉམས་སུ་མྱོང་ཆེད་བརྩོན་པའི་ཅང་ཤེས་ལ་ཞོན་ནས་ཤེས་བྱའི་ཐང་ཆེན་དུ་བང་རྩལ་འགྲན་མཐར། ཤེས་བྱའི་སྐྱེད་ཚལ་དུ་ཞུགས་པའི་བློ་གསལ་རྐང་དྲུག་གིས་སྟོན་གསུམ་གྱི་ཞིང་པ་ཇི་བཞིན་འབད་འབུངས་ཀྱི་གཤོག་ཟུང་བརྐྱངས་ནས་ཡོན་ཏན་གྱི་སྦྲང་རྩི་མྱོང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བརྟེན། དགེ་སློབ་ཡོངས་རྫོགས་ཀྱིས་བསྔགས་བརྗོད་ཀྱིས་ཕྲེང་བ་སྤེལ་ཡུལ་དུ་གྱུར། ཞན་པའི་ཁོར་ཡུག་གིས་སྟག་ཤར་བཙོས་སྦྱངས་བྱས་པའི་དཔེ་ལྟར། དེའི་དུས་སུ་འཇམ་དཔལ་རྒྱ་མཚོས་ཉོན་མོར་དགེ་རྒན་གྱི་ཁྲིད་ལུང་ཁྲོད་དུ་ཉམས་པ་ལྷུར་ལེན་བྱས། སློབ་ཐུན་གྲོལ་རྗེས་སོ་ནམ་ལས་ལ་ཞུགས་ནས་ཕ་མ་གཉིས་ལ་འདེགས་ཤུགས་བྱེད་རོགས་བྱས་ཏེ་ངལ་རྩོལ་གྱི་ཁྲོད་དུ་ཤེས་བྱའི་རྩི་བཅུད་ལ་བརྩོན་ལེན་བྱས་མཐར། ཁོ་རང་གི་འབྱུང་འགྱུར་གྱི་མདུན་ལམ་དུ་བསྲིངས་པར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད་པ་རེད།   ༡༩༥༠ལོའི་ཟླ་བ༩པར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས། ༡༩༥༡ལོར་གོང་རིམ་གྱིས་བཀོད་སྒྲིག་ལྟར། མི་དམངས་བཅིངས་འགྲོལ་དམག་དང་མཉམ་དུ་བོད་ལྗོངས་ལྷ་སར་བསྐྱོད་ནས་བོད་ལྗོངས་དམག་ཁུལ་ལས་བྱེད་སློབ་གྲྭའི་བོད་ཡིག་དགེ་རྒན་བྱས།  ༡༩༥༤ལོའི་ཟླ་བ༥པའི་ནང་ལྷ་ས་དང་བྲལ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སློབ་གཉེར་བྱེད་དུ་ཆས། སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་རུ་ནས་བོད་ཡིག་དགེ་རྒན་གྱི་འགན་བཞེས། ༡༩༥༦ལོའི་ཟླ་བ༡༠པའི་ནང་པེ་ཅིང་ལ་ལས་གནས་སྤོར་ནས་ཀྲུང་དབྱང་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཡིག་བསྒྱུར་ཅུས་སུ་ཡིག་བསྒྱུར་ལས་ཀ་བསྒྲུབས།དུས་དེ་ནས་བཟུང་འཇམ་དཔལ་རྒྱ་མཚོ་རྒྱ་བོད་ཡིག་བསྒྱུར་གྱི་ལམ་བུའི་ཐོག་ཏུ་སྐྱོད་འགོ་ཚུགས་པ་རེད། ༡༩༥༨ལོ་ནས༡༩༨༠ལོའི་བར་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་དུ་བོད་ཡིག་རྩོམ་བསྒྱུར་དང་རྩོམ་སྒྲིག་པའི་ཕྱག་ལས་མཛད།ལོ༢༤ཡི་རིང་ལ་ཁོང་གིས་གཙོ་བོ་མར་ལེའི་གསུང་རྩོམ་དང་། མའོ་ཙེ་ཏུང་གི་གསུང་རྩོམ་དང་དེ་བཞིན་དུ་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཚད་ལྡན་ཡིག་ཆའི་རྩོམ་སྒྱུར་ཕྱག་ལས་མཛད།
  ༡༩༨༠ལོའི་དབྱར་ཁར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ཞིབ་འཇུག་པ་གཞོན་པར་རྒྱུགས་སྤྲོད་རྗེས་ཞིབ་འཇུག་ཁང་དེའི་ནང་ལས་གནས་སྤོ་བ་དང་ཆབས་ཅིག   གཙོ་བོ་ལོ་རྒྱུས་མཚོན་པའི་སྙན་ངག་གེ་སར་སར་རྒྱལ་པོ་རྟོགས་བརྗོད་དང་བོད་རིགས་ཀྱི་དེང་རབས་རིག་གཞུང་ལ་ཞིབ་འཇུག་དང་རྩོམ་སྒྱུར་བྱས་ཡོད། ལོ་ལྔའི་འཆར་གཞི་དྲུག་པ་ནས་ལོ་ལྔའི་འཆར་གཞི་བརྒྱད་པའི་སྐབས་སུ་རྒྱལ་ཁབ་ཀྱི་གཙོ་གནད་དུ་བཞག་པའི་ཚན་རྩལ་ཞིབ་འཇུག་གི་རྣམ་གྲངས་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་འཚོལ་བསྡུ་དང་། རིག་གཞུང་ཞིབ་འཇུག་བྱ་རྒྱུའི་བྱ་བཞག་གི་འགན་ཁུར་བ་དང་སྣེ་ཁྲིད་མི་སྣའི་འགན་བཞེས་པའི་དུས་མཚུངས་སུ། དེང་རབས་བོད་ལྗོངས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་འགན་ཁུར་ཡོད།
༡༩༩༠ལོར་འཇམ་དཔལ་རྒྱ་མཚོ་ཞིབ་འཇུག་པར་དཔྱད་འདེམས་བྱས་རྗེས།ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་ཚན་ཁག་གི་གྲངས་ཉུང་མི་རིགས་རིག་གཞུང་སྡེ་ཚན་གྱི་རབ་འབྱམས་པ་དང་འབུམ་རམས་པ་སློབ་མའི་སློབ་དཔོན་བཞེས་ནས་གྲངས་ཉུང་མི་རིགས་དང་ཁྱད་པར་དུ་བོད་ཁུལ་དུ་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་མཁན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་མཛད་ཡོད་པ་རེད།
ཁོང་གི་སྔ་རྗེས་སུ་གེ་སར་རྒྱལ་པོའི་འཚོལ་ཞིབ་བྱེད་འབྲས་ཞེས་པ༡༩༨༦ལོར་བརྩམས་ཤིང་པར་དུ་བསྐྲུན་པ་དང་། གེ་སར་རྒྱལ་པོའི་རྟོགས་བརྗོད་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག༡༩༨༧ལོར་པར་དུ་བསྐྲུན། གླིང་སྒྲུང་དང་བོད་ཀྱི་རིག་གནས་ཞེས་པ༡༩༩༤ལོར་པར་དུ་བསྐྲུན། གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ་བསྐྱོད་པ་ཞེས་པ༢༠༠༣ལོར་པར་དུ་བསྐྲུན།
ཁོང་གི་རྩོམ་ཆོས་གེ་སར་རྒྱལ་པོར་འཚོལ་ཞིབ་བྱེད་འབྲས་ལ༡༩༨༦ལོར་རྒྱལ་ཡོངས་ཀྱི་མི་རིགས་ཀྱི་ཕུལ་བྱུང་ཀློག་བདེའི་བྱ་དགའ་ཨང་དང་པོ་ཐོབ། གེ་སར་རྒྱལ་པོའི་རྟོགས་བརྗོད་ཞེས་པར༡༩༨༩ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཐོབ།
གླིང་སྒྲུང་དང་བོད་ཀྱི་རིག་གནས་ཞེས་པར་༡༩༩༤ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ། ༡༩༩༨ལོར་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་གཞུང་ཞིབ་འཇུག་གྲུབ་འབྲས་ཀྱི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།
གེ་སར་དཔྱད་བརྗོད་ཞེས་པར་༢༠༠༠ལོར་རྒྱལ་ཡོངས་རིག་གཞུང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
 

  • ལེ་ཚན་སྔོན་མ།:དཔལ་བསྡུས། བོད་རིག་པའི་གཤིན་ས་ཁྲོད་ཀྱི་སྨྱུག་གསར།
  • ལེ་ཚན་རྗེས་མ།:མཁས་དབང་ཡེ་ཤེས་དར་རྒྱས་ཀྱི་མཛད་རྣམ་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།