སྨན་པ་མཁའ་ལེགས་བཟོད་པ།

དཀོན་རྡོར་དང་བཀྲ་ཤིས། ཐུབ་བསྟན། ཨོ་རྒྱན        2011-01-04

སྨན་པ་མཁའ་ལེགས་བཟོད་པ།

ཆོས་ཀྱི་དུང་སྒྲ་སྙན་པར་ཁྱབ་ཅིང་སྡེ་བཞི་དགེ་བཅུ་འཛོམས་པའི་གཡང་ས་རུ་ཐང་རྒྱལ་བོད་སྨན་འགྲོ་ཕན་ཁང་ཞེས་པ་ནི་ཀུན་གྱི་ངག་ལས་རླུང་ལྟར་གྲགས། སྨན་ཁང་དེ་ནི་སྨན་པ་མཁའ་ལེགས་བཟོད་པས་བཙུགས་པ་ཞིག་རེད། སྨྱུག་འཛིན་པ་ཁོང་གི་སར་བཅར་དུས་ཉིད་ཀྱིས་ནད་པ་ལ་ནད་བརྟག་བཞིན་པའི་སྒང་རེད། ནད་པ་རྒན་གཞོན་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་པས་བྲེལ་ཟིང་ཤིན་ཏུ་ཆེ་ཡང་ཁོང་ལ་དཀའ་བའི་སྐྱོ་བ་དང་སྡུག་གི་སུན་སྣང་ཅི་ཡང་མེད་པར་ངག་འཇམ་གྱིས་ན་ཚུལ་དྲིས་ཤིང་ལག་བྱང་གིས་སོ་སོ་ལ་སྨན་གནང་བཞིན་འདུག  
སྨན་པ་འབུམ་རམས་པ་མཁའ་ལེགས་བཟོད་པ་ནི་སྡེ་དགེ་རྫོང་ལྕང་ར་ཤང་དུ་འཁྲུངས། ད་ལྟར་དགུང་ལོ70ལ་སོན།  ཆུང་དུས་ནས་ཡབ་སྐལ་བཟང་ཚེ་རིང་གི་དྲུང་དུ་ཀ་ཁའི་འབྲི་ཀློག་སྦྱངས་། དགུང་ལོ་བརྒྱད་ནས་ཨེ་ༀ་དགོན་དུ་ལོ་བཅོ་བརྒྱད་རིང་ལ་གྲྭ་པ་བྱས། དེའི་རིང་ལ་རྟག་གུས་བརྩོན་འགྲུས་ཀྱིས་འདོན་ཆ་དང་སྨན་གྱི་རིག་གཞུང་སྐོར་ལ་གསན་སྦྱོང་མཛད། སྤྱི་ལོ1955ལོར་སྨན་པ་མཁས་པ་འཇམ་དབྱངས་བཟང་པོ་སློབ་དཔོན་དུ་བསྟེན་ཏེ་ལོ་ལྔའི་རིང་ལ་གསོ་རིག་རྒྱུད་བཞི་ལ་འབད་འབུངས་ལྷོད་མེད་བྱས་པས་ཕྱིན་ཆད་ཀྱི་འགྲོ་དོན་མཛད་པའི་ལམ་བུར་ས་བོན་གྲུང་བུ་ཞིག་འདེབས།  སྤྱི་ལོ་1959ལོ་ནས་མཉམ་ལས་ཁང་གི་རྐང་རྗེན་སྨན་པ་བྱས།ཕྱི་ནང་གི་ཆ་རྐྱེན་ཐབས་སྡུག་ཀྱང་ཞིང་འབྲོག་མི་དམངས་ཀྱི་ན་བའི་སྡུག་བསྔལ་སྙིང་གིས་མ་བཟོད་དེ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ནད་པ་གང་མང་ཞིག་ལྔ་བའི་ལམ་ནས་འཕྲོག་པས་སྨན་པ་བཟོད་པ་ཞེས་མཚན་གྱི་སྙན་པ་ཕྱི་ནང་ཡུལ་དུ་ཁྱབ། སྤྱི་ལོ་1975ལོར་མཉམ་འབྲེལ་སྨན་ཁང་ཞིག་བཙུགས་པས་དེའི་ནང་གི་སྨན་པའི་འགན་བཞེས།  སྤྱི་ལོ1979ལོར་རྒྱལ་ཁབ་
ཀྱིས་ལས་བྱེད་པ་རུ་བསྡུས་ནས་སྡེ་དགེ་བོད་སྨན་ཁང་དུ་སྨན་པ་མཛད།  སྤྱི་ལོ་1980ལོར་སྡེ་དགེ་རྫོང་གིས་གསོ་རིག་མཁས་ཆེན་ཁྲོ་རུ་ཚེ་རྣམ་གདན་འདྲེན་ཞུས་པའི་སྐབས་དང་བསྟུན་ནས་དེའི་དྲུང་དུ་རྒྱུད་བཞིའི་བཤད་ཁྲིད་ཆ་ཚང་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོ། རིན་ཆེན་རིལ་བུ་ཁག་གི་སྦྱོར་ཐབས་ཆ་ཚང་ཞུས།  སྤྱི་ལོ་1985ལོར་སྡེ་དགེ་པར་ཁང་གིས་གསོ་རིག་མཁས་ཆེན་ཁྲོ་རུ་ཚེ་རྣམ་གདན་འདྲེན་ཞུས་དུས་མུ་ཏིག་བདུན་ཅུ་སྦྱོར་ཐབས་སྐོར་ལ་ཟླ་བ3་ཙམ་སྦྱོང་། སྤྱི་ལོ་1991ལོར་ཨ་དཀོན་རིན་པོ་ཆེ་སྡེ་དགེ་བོད་སྨན་ཁང་དུ་སློབ་མ50འཛོམས་པའི་གསོ་རིག་འཛིན་གྲྭ་ཞིག་བཙུགས་པས་ཁོང་ཉིད་འཛིན་གྲྭ་དེ་ཡི་སློབ་དཔོན་བྱས། སྤྱི་ལོ1996ལོར་སྡེ་དགེ་བོད་སྨན་ཁང་གི་འགོ་ཁྲིད་རྒན་པའི་འགན་བཞེས།  སྤྱི་ལོ2001ལོར་སྤྲུལ་སྐུ་གྲུབ་དབང་པད་མ་ནོར་བུས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་མུ་ཏིག་བདུན་ཅུ་སྡེབ་སྦྱོར་བྱས།  སྤྱི་ལོ་2004ལོར་སིང་ག་ལ་རུ་རྒྱལ་ཁབ141འཛོམས་པའི་རྒྱལ་སྤྱིའི་གསོ་རིག་ཞིབ་འཇུག་ཚོགས་འདུར་ཞུགས་ཏེ་དཔྱད་གཏམ་སྤེལ་པས་ཚང་མས་བསྟོད་བསྔགས་བྱས་ཤིང་འབུམ་རམས་པའི་སྨན་པའི་ཆོ་ལོ་ཐོབ།  སྤྱི་ལོ2006ལོར་དཔལ་སྤུངས་བོད་སྨན་ཁང་གིས་གདན་ཞུས་བྱས་པ་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སྡེབ་སྦྱོར་བྱས།  སྤྱི་ལོ་2007ལོར་ལས་འཁྱུར་བྱས་ཀྱང་མང་ཚོགས་ཀྱི་རེ་བ་ལྟར་དུ་ཐང་རྒྱལ་བོད་སྨན་ཁང་ཞེས་སྒེར་གྱི་སྨན་ཁང་ཞིག་བཙུགས་ཏེ་མུ་མཐུད་དེ་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་རྣམས་ལ་ནད་བརྟག་སྨན་བཅོས་ཀྱི་འཕྲིན་ལས་སྤེལ་དང་སྤེལ་བཞིན་པ་རེད། སྨན་རྩལ་ཕུལ་དུ་བྱུང་ཞིང་བྱམས་སྙིང་རྗེ་ཆེ་ལ་སྨན་ཡོན་འཚམ་པོ་ཡིན་པས་ཕྱོགས་བཞི་མཚམས་བརྒྱད་ནས་ནད་པ་ཚང་མ་དྲི་ཞིམ་མེ་ཏོག་ལ་བུང་བ་འཁོར་བ་བཞིན་ཁོང་གི་མདུན་དུ་རུབ།
ཁོང་གི་ལྗགས་རྩོམ་གྱི་ཐད་ནས་བཤད་ན།བོད་སྨན་གྱིས་མིག་ནད་བཅོས་ཐབས་ཞེས་པའིདཔྱད་རྩོམ་དེར་་2002ལོའི་དཀར་མཛེས་ཁུལ་ཐེངས་གཉིས་པའི་བོད་སྨན་རིག་རྩལ་གྲོས་ཞིབ་ཚོགས་འདུ་ཐོག་ཏུ་གདེང་འཇོག་མཐོན་པོ་ཐོབ་པ་མ་ཚད་ 2003ལོའི་རྒྱལ་ཡོངས་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་ཐོག་ཏུའང་དགའ་བསུ་ཆེན་པོ་ཐོབ། གསོ་རིག་རྒྱུད་བཞིའི་ཕྲིན་ལས་བྱུང་ཚུལ་སྐོར་བཤད་པ་དེ་<<༢༠༠༤ལོའི་རྒྱལ་ཡོངས་བོད་ལུགས་གསོ་རིག་རིག་གཞུང་གྲོས་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྡུས་>>ནང་དུ་བཀོད། 
  • ལེ་ཚན་སྔོན་མ།:ཞིང་འབྲོག་མང་ཚོགས་ཀྱི་སྨན་པ་བཟང་པོ་རྒྱ་མཚོ།
  • ལེ་ཚན་རྗེས་མ།:སྨན་པ་ཆེན་པོ་ཚེ་རིང་ཕུན་ཚོགས།
  • དོ་སྣང་ཆེ་བའི་རྩོམ།