སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།

ཡེ་ཤེས་མགོན་པོ།        2010-12-31

                            སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།
ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་ཀྱི་གསོ་རིག་རྒན་ཆེན་མོ་དང་སློབ་གཙོ་གཞོན་པ།བོད་ཀྱི་གསོ་རིག་ཞིབ་འཇུག་བཅས་ཀྱི་ལས་ཀའི་འགན་ཁུར་བཞིན་པའི་བློ་བཟང་རྒྱ་མཚོ་ནི1959ལོར་རྟའུ་རྫོང་སྨུག་རོང་གྲོང་སྡེའི་འབྲོག་པའི་དུད་ཚང་ཞིག་ཏུ་སྐྱེ།ཆུང་དུས་ནས་ཁམས་མི་ཉག་ཕྱོགས་ཀྱི་མཁས་ཆེན་དམ་པ་སྐུ་ནུབ་སྟག་སྤྲུལ་དང་སྐུ་ནུབ་འོད་ཟེར་རྣམ་གཉིས་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་བྱས་ཤིང་།དེ་ནས་རིམ་བཞིན་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་ཀྱི་ཤེས་བྱ་དང་ཤེས་བྱ་སྤྱིའི་རྨང་གཞིའི་སྐོར་ལ་བརྩོན་པ་དྲག་པོས་སློབ་གཉེར་བྱས་པ་དང་།ཁྱད་པར་རྒྱ་མཚོས་མཁས་ཆེན་དམ་པ་འདི་གཉིས་ཀྱི་མདུན་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྐོར་སློབ་ཁྲིད་ཐོབ་པ་དང་ཆབས་ཅིགརྒྱུད་ཆུང་གསུམ་ལ་སོགས་པའི་གསོ་རིག་གཞུང་ལུགས་བློར་བླངས་པ་དང་གལ་ལེན་བརྒྱུད་པའི་མན་ངག་ཟབ་མོ་ཇི་རྙེད་ཅིག་གནང་ལ་བརྟེན་ནས་སྨན་པ་ཚད་ལྡན་ཞིག་ཏུ་གྱུར་ཏེ་ཕྱིན་ཆད་ཁོས་བོད་ཀྱི་གསོ་བ་རིག་པ་རྒྱུད་སྤེལ་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།དེ་ནས་བཟུང་བློ་བཟང་རྒྱ་མཚོ་མཁས་ཅན་སྐུ་ནུབ་འོད་ཟེར་དང་ལྷན་དུ་སྨན་བཅོས་ལག་ལེན་ལ་ཞུགས་པའི་གོ་སྐབས་རྙེད་དེ་རིག་གཞུང་ལ་བརྩོན་པ་ལྷུར་ལེན་བྱེད་ཞོར་ནད་པ་ཁྲི་ཕྲག་ལ་ནད་བཅོས་སྲོག་སྐྱོབ་ཀྱི་བྱ་བ་བྱས་སོ།1977ལོར་རྟའུ་རྫོང་གསེར་ཁ་ཤང་མཉམ་ལས་སྨན་བཅོས་ཁང་དུ་སྨན་པའི་ལས་ཀར་ཞུགས་ཏེ་གཙོ་བོ་སྨན་རྫས་དང་སྨན་རྩྭ་བསྡུ་ལེན་བྱེད་རྒྱུ་དང་ཐང་ཕྱེ་རིལ་བུ་སོགས་བཟོ་བསྐྲུན་བྱ་རྒྱུའི་ལས་ཀའི་འགན་ཁུར་བ་དང་ནད་པ་གང་མང་ལ་སྨན་བཅོས་ལག་ལེན་སོགས་ལ་དངོས་སུ་ཞུགས་ནས་ལས་རོགས་དང་སྡེ་བའི་མི་སེར་ཚོས་གདེང་འཇོག་མཐོན་པོ་ཐོབ་པ་རེད།1981ལོར་སི་ཁྲོན་ཞིང་བོད་ཡིག་སློབ་གྲྭར་རྒྱུགས་སྤྲད་དེ་སླར་ཡང་བོད་ཀྱི་བཅུ་ཕྲག་རིག་པར་སློབ་གཉེར་གྱི་བྱ་བར་ཞུགས་ཤིང་།སྡེ་དགེ་དཔལ་སྤུང་དགོན་པའི་མཁན་ཆེན་བློ་ཆོས་ཀྱི་མདུན་ནས་བོད་ཀྱི་གསོ་རིག་རྒྱུད་བཞི་ལས་རྒྱུད་ཆུང་གསུམ་གྱི་ཁྲིད་དང་ལག་ལེན་གྱི་མན་ངག་གང་ཟབ་ཞུས་པ་དང་།བོད་མཁས་པའི་སྙན་འགྲེལ་ཁྲིད་ཆ་ཚང་དང་སུ་ཏིའི་འགྲེལ་ཆེན་སོགས་བརྡ་སྤྲོད་ཀྱི་དཀའ་གནད་དང་།ཧོར་བྲག་འགོ་དགོན་པའི་དགེ་བཤེས་བློ་བཟང་དོན་གྲུབ་ཀྱི་མདུན་ནས་བློ་རྟགས་བསྡུས་གསུམ་བཅས་ཚད་མའི་སྐོར་དང་།ར་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུའི་མདུན་ནས་ཚད་མ་རིག་གཏེར།ཡིད་བཞིན་མཛོད་ལ་སོགས་དང་དེ་མིན་གྱི་སྨན་རྩིས་ཀྱི་ཤེས་བྱ།ཆབ་མདོ་སྨུག་སངས་སྤྲུལ་སྐུའི་མདུན་ནས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་གཙོ་བོ་བྱས་པའི་རྙིང་མའི་ཆོས་འབྱུང་སྐོར་གྱི་ཁྲིད།རྫོགས་ཆེན་མཁན་པོ་ཐུབ་དབང་དང་མདོ་ཟླ་གསལ་དབང་མོའི་མདུན་ནས་བོད་ཀྱི་སྐར་རྩིས་རིག་ལྡན་སྙིང་ཐིག་གི་ཁྲིད་དང་རི་མོ་བཅས་ཆ་ཚང་འབྱུང་རྩིས་ཀྱི་ཤེས་བྱ་སོགས་བཅས་སོགས་ཞུས་ནས་ཐུན་མོང་རིག་གནས་ལ་སྦྱངས་པ་མཐར་ཕྱིན་བྱས།རྫ་ཕུད་གོང་དགོན་པའི་མཁས་ཆེན་པདྨ་ཚེ་དབང་གི་མདུན་ནས་མི་ཕམ་མཁས་འཇུག་དང་མངོན་པ་མཛོད།འདུལ་བ།མདོ་སྡེ་རྒྱན་སོགས་ཐུན་མིན་གྱི་དང་དོན་ཟབ་མོ་མཐའ་དག་ལ་ཐོས་བསམ་བྱས་ནས་བོད་ཀྱི་རིག་གནས་ལ་ཆ་ཚང་ཞིག་སློབ་གཉེར་བྱས་ཏེ་ཕྱིན་ཆད་རང་གིས་སློབ་མ་སྐྱོང་བར་འཇོན་ནུས་ཕུན་སུམ་ཚོགས་པ་ཞིག་ཉར་ཚགས་བྱས་ཡོད་པ་རེད།དེ་དང་ཆབས་ཅིགབོད་ལྗོངས་ལྷ་སའི་སྨན་རྩིས་སློབ་གླིང་དུ་ལོ་གཅིག་ལྷག་གི་རིང་ལ་ཟབ་སྦྱོང་ལ་སོང་ནས་ཁྲོ་རུ་མཁན་ཆེན་ཚེ་རྣམ་གྱི་མདུན་ནས་བོད་ཀྱི་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་ཆ་ཚང་ཐོབ་པར་མ་ཟད།གཡུ་ཐོག་སྙིང་ཐིག་དབང་ཐོབ་པ་བཅས་བོད་ཀྱི་གསོ་རིག་གི་རྒྱུད་འཛིན་པ་དབང་ལུང་ཁྲིད་གསུམ་ཆ་ཚང་ལྡན་པར་གྱུར།
1986ལོའི་ཟླ་བ7པར་སི་ཁྲོན་ཞིང་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་སློབ་གྲྭ་དེའི་དགེ་རྒན་བྱས་ཤིང་།གཙོ་བོ་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་ཀྱི་བྱ་བ་སྒྲུབ་ཞོར་སྙན་ངག་དང་བརྡ་སྤྲོད་སོགས་ཀྱི་སློབ་ཁྲིད་ཀྱི་འགན་འཁུར་བའི་དུས་མཚུངས་སུ།ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་སྨན་ཁང་གི་སྨན་བཅོས་ལས་ཀར་ཞུགས་ནས་འགྲོ་བ་ནད་པ་ཇི་རྙེད་ཅིག་ནད་བཅོས་སྲོག་སྐྱོབས་ཀྱི་བྱ་བ་བསྒྲུབས་པ་དང་།སློབ་མ་རྣམས་ལས་ནད་ཐོག་ལག་ལེན་དམར་ཁྲིད་བྱེད་པ་སོགས་ཀྱི་ཐད་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་པས་མ་ཚད།རིམ་བཞིན་དུ་སློབ་གྲྭ་དེའི་སློབ་དོན་ཁང་གི་གཙོ་འགན་འཁུར་ནས་སློབ་གཙོ་གཞོན་པའི་འགན་ཁུར་ཏེ་སློབ་གྲྭའི་སློབ་གསོ་འཕེལ་རྒྱས་སུ་བཏང་ནས་ཏང་གི་མི་རིགས་སློབ་གསོའི་ལས་ཀ་དང་བོད་ཀྱི་མི་རབས་གསར་པ་གསོ་སྐྱོང་བྱེད་པར་བྱས་རྗེས་བླ་ན་མེད་པར་བཞག་ཡོད་པ་རེད།
མདོར་ན་བློ་བཟང་རྒྱ་མཚོས་སྔ་ཕྱིར་གསོ་སྐྱོང་བྱས་པའི་སློབ་མ་སྟོང་ལ་ཉེ་བ་ཞིག་སྤྱི་ཚོགས་སུ་བཏང་ཡོད་ལ།དེ་ལས་བོད་ཀྱི་གསོ་བ་རིག་གི་ཆེད་སྦྱོང་བ612ཙམ་ཡོད།དེ་དག་ཀུན་ཀྱང་ད་ལྟ་བོད་ཁུལ་ཡོངས་ཀྱི་གཞི་རིམ་ལས་བྱེད་པ་དང་།སྨན་བཅོས་སྡེ་ཚན་སོ་སོའི་ཆེད་ལས་མི་སྣ་དང་།སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གཙོ་འཛིན་པ་སོགས་སྡེ་ཚན་སོ་སོ་དང་ལས་རིགས་སོ་སོའི་ནང་ནུས་ལྡན་གྱི་ལས་ཀའི་དཔུང་སྡེ་ཞིག་ཆགས་ནས་ཡོད་པས།མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་རིག་གནས་།དཔལ་འབྱོར་བཅས་གོང་འཕེལ་གཏོང་བར་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པ་རེད།ཁོང་གིས་སྔ་ཞུགས་སུ་བོད་ཀྱི་གསོ་བ་རིག་པ་དང་སློབ་གསོའི་སྐོར་སོགས་ཀྱི་དཔྱད་རྩོམ་བརྒྱ་ལ་ཉེ་བ་ཞིག་བོད་ཁུལ་གྱི་གཞུང་སྒེར་གཉིས་ཀྱི་དུས་དེབ་དང་ཚགས་པར་དུ་བཀོད། སྙན་ངག་སློབ་དེབ་ཅེས་པའི་པོད་ཆེན་པོའི་བདག་ཉིད་ཅན་ཞིག་མི་རིགས་དཔེ་བསྐྲུན་ཁང་ནས་པར་དུ་བསྐྲུན།
  • ལེ་ཚན་སྔོན་མ།:བོད་རིགས་ཀྱི་ཆེས་ཐོག་མར་ནན་ཏིང་ཀེར་གྱི་བྱ་དགའ་ཐོབ་མཁན་པ་སངས་དོན་གྲུབ།
  • ལེ་ཚན་རྗེས་མ།:ཞིང་འབྲོག་མང་ཚོགས་ཀྱི་སྨན་པ་བཟང་པོ་རྒྱ་མཚོ།
  • དོ་སྣང་ཆེ་བའི་རྩོམ།