རང་ལ་བལྟས་པ།༼གསར་རྩོམ་གྱི་མྱོང་ཚོར་དང་འབྲེལ་བའི་གཏམ།༽

སྒོ་ཡོན།        2015-05-06

ང་རང་འཇིག་རྟེན་འདིར་འོང་ནས་མི་ལོ་ཉེར་ལྔ་ལྷག་ལ་སོན་བྱུང་། དུས་ཚོད་ཀྱི་ངོས་ནས་བལྟས་ན་མི་ལོ་འདི་དག་ནི་ཐུང་ཐུང་ཞིག་མ་རེད་ལ།  ཚེ་སྲོག་གི་ངོས་ནས་བལྟས་ཀྱང་མི་ལོ་འདི་ཚོར་རིན་ཐང་མི་མངའ་བ་ག་ལ་སྟེ།   རང་སྐལ་ཐོབ་པའི་ལོ་ངོ་ཉེར་ལྔ་ལྷག་གི་རྗེས་སུ།  སྲིད་པའི་རིག་གནས་ཀྱི་ར་བ་ནས་བློ་རྩལ་ཕྱོགས་བཞིར་བསྲིངས་ནས་རང་ཉིད་ལ་ཡང་ཡང་བལྟས་ཀྱང་།  ཤེས་རབ་དང་རྒྱུ་འབྲས་ཀྱི་བླང་བྱའི་ཁྲོད་རང་གི་མི་ཚེར་དཀར་ཐིག་གདབ་ཐུབ་པ་ཞིག་གཞར་ཡང་རེད་མི་འདུག   
རྐྱེན་དེས།   མནོ་བསམ་ཕྲན་ཙམ་བཏང་བ་དང་ཡི་གེ་ཕྲན་ཙམ་བྲིས་པ་ཐམས་ཅད་ཀྱང་།  མ་རྟོགས་པ་དང་མི་གསལ་བའི་རང་རྒྱུད་ཀྱི“ངན་རུལ”ལ་གཟས་པ་ཁོ་ནར་གཏོགས་ཤིང་། གང་གི་སླད། རང་གི་ཁོར་ཡུག་དང་སྤྱི་ཚོགས། རིག་གནས་དང་ཤེས་རིག་རྣམས་ཀྱང་འདུ་ཤེས་ཀྱི་གཡས་གཡོན་ལ་བསྐྱར་དུ་འཁོར་བ་མ་ཟད།  འཇིག་རྟེན་ལ་ཡིད་འཁྲེང་བ་དང་ཞེ་མེར་བའི་རྣམ་གཞག་ཀྱང་རེས་མོས་ཀྱིས་ཕྱུང་བས། ཡི་གེ་རྩོམ་པ་ནི་ངའི་འཚོ་གནས་ལ་ཁྱབ་པའི་མཁའ་དབུགས་གཏོང་ལེན་ལྟ་བུར་གྱུར་ཡོད།
གལ་སྲིད་གནས་སྟངས་འདི་ཉིད་སྔར་མུས་བཞིན་འབྱུང་ཚེ། ང་ནི་རང་གི་ཡིག་འབྲུའི་རིགས་ལ་ཤིན་ཏུ་དགའ་བོ་ཡོད་ཁར། ཚེ་སྲོག་གི་སྐད་ཅིག་རེ་རེ་ཡང་ཡིག་འབྲུ་རྣམས་དང་བསྡོངས་ནས་འཕེལ་འགྲིབ་འབྱུང་བཞིན་མཆིས་ལ།  “གལ་ཏེ་དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཇུག་མཐའི་ཉིན་མོ་ཡིན་ན། བདག་གིས་ག་རེ་བྱའམ”ཞེས་པའི་ཨོག•མེན་དྷེ་ནོ(Og mandino)ལགས་ཀྱི་དྲི་བར་ཡང་།  ངས་ནི་སྔར་ལྟར་གཅེས་པར་འོས་པའི་ཡིག་འབྲུ་རྣམས་བཙོ་སྦྱང་བྱ་བར་འགྱུར་ཞེས་ཕངས་མེད་ཀྱིས་ལན་གདབ་ངེས།  
དྲང་མོར་བཤད་ན། ང་ལ་རང་གི་ཡིག་འབྲུ་འགའ་བོ་ལས་བྱ་དངོས་གཞན་པ་ཅི་ཡང་གསོག་ཉར་བྱ་རྒྱུ་བྲལ་བས།  རང་གི་ནོམ་པ་ལ་རྩིས་ཐང་ཡག་པོ་སྟེར་བར་རྒྱུ་མཚན་ཡོད་ཅིང་།  ཡང་ན།  རང་ཉིད་འཇིག་རྟེན་འདིའི་ཡིག་འབྲུ་འགའ་དང་འཕྲད་པས།  ངས་ཁོ་ཚོ་འཐོར་ཞིག་འགྲོ་བ་བློས་བཏང་ཐུབ་ཀྱི་མི་འདུག  དེ་ནི་ཁོ་ཚོ་རེ་རེས་ང་ལ་མི་ཚེའི་འཚོ་རྟེན་སྤྲད་ལ།  ངའི་ཚོར་དཔྱོད་ཀྱིས་ཁོ་ཚོའི་གྲོད་པར་གསོན་ཤུགས་བྱིན་པས་ཡིན།
དེ་ཡང“ཡུལ་མི”མང་བོས་ངའི་ཡི་གེའི་བྱ་གཞག་ལ་མཐོང་བརྩི་ཅི་ཡང་མི་འཇོག་པ་སྔོན་ནས་རྟོགས་ཤིང་།   ངའི་ད་ལྟའི་བསམ་སྤྱོད་ལ་ཡིད་ཚིམ་གྱི་མེད་པའང་ལྷག་ཏུ་ཤེས་མོད། ང་ལ་གཞན་གྱི“ཐལ་སྒྲ”དགོས་དོན་གང་ཡང་མེད་དེ།  བླ་མེད་ཀྱི་ཚེ་སྲོག་དང་རིན་ཐང་གི་མཛེས་པ་ཁོ་ནས་ནམ་ཡང་རང་ལ་དགའ་གུས་ཚད་མེད་བྱེད་ལ།  འཇིག་རྟེན་གྱི་རྒྱུ་འབྲས་ཟེར་བས་ཀྱང་རྨི་ལམ་ལྟ་བུའི་མི་ཚེའི་མཚན་སྨག་ལ་འོད་སྣང་དང་ཆར་ཆུ་སིམ་པར་འགྱུར་ན།   
ང་ནི«གཞན་མིའི་འཚོ་བའི»(The Life of Others)ཁྲོད་ཀྱི་སྒྱུ་རྩལ་མཁན་ཁོར་སི་ཐེ•མེར་ཡ་སིས་ལིན་དྷི(Christa  Maria Sieland)དང་འདྲ་བར།  རང་གི་བརྩམས་ཆོས་ཀྱི་སླད་དུ་ལུས་ཀྱང་བསྔོ་བར་འཐད་ལ།   ཕུལ་དུ་ཕྱིན་པའི་འདུ་ཚོར་གྱི་འཕྲོ་འདུའི་དོན་ལ་ཚེ་སྲོག་འདར་ཡོམ་བྱ་ནུས་པའང་རང་ཉིད་ལ་གསལ་མོད། འདི་ལྟའི་འཐབ་རྩོད་རྒོད་པའི་སྤྱི་ཚོགས་ཀྱིས་ང་ལ་ང་ཉིད་དབང་བར་བདེན་དཔང་བྱ་རུ་མི་འཇུག་ཅིང་།  འདི་ལྟའི་དཀའ་སྡུག་བརྩེགས་པའི་མི་རབས་ཁྲོད་ང་ལ་བདེ་ཐང་གི་བགྲོད་ལམ་ཤིན་ཏུ་མཁོ་བའང་སྨྲ་ཁག་པས།   ད་ནི་བདེན་པའི་དཀོན་མཆོག་གིས་ཀུ་རེ་ཐེངས་གཅིག་རྩེ་བ་ཨེ་ཡིན་དྲན།
དེ་ལྟ་ན་ཡང་།    ངས་སྔར་ལྟར་རང་ཉིད་ལ་དམིགས་བསལ་གྱིས་དོ་ཁུར་བྱེད་ཀྱི་ཡོད།  དེ་ནི་སྤྱི་ཚོགས་དང་འཇིག་རྟེན་ལ་དོ་ཁུར་བགྱིས་པའང་ཡིན་ཏེ།  ངའི་སྤྱི་ཚོགས་དང་འཇིག་རྟེན་གཙང་མར་ཆགས་དགོས་ན།  ཐོག་མར་རང་ཉིད་ཀྱི་ཀུན་གཞི་ལ་བྱི་དོར་འཐུས་ཚང་བྱ་དགོས། འདམ་ཀ་འདི་ནི་འགྱུར་བ་མེད་པའི་ངའི་ལས་འགན་ལྟ་བུར་བརྩིས་ཤིང་། སོ་སོས་རང་ས་ནས་རང་ཉིད་ལ་དོ་ཁུར་བྱ་རིགས་པའི་རེ་སྐུལ་ཡང་མི་ཞུ་ཀ་མེད་བྱུང་།    དེར་བརྟེན།  ང་ནི་སྤྱི་ཚོགས་གང་རུང་གི“རུ་འདྲེན”མཁན་མ་ཡིན་ཕྱིར། ངའི་བསམ་སྤྱོད་ཀྱིས་གཞན་མིར“བློ་འབྱེད”བཟོ་བའི་ཁུར་མེད་ཅིང་། ང་ལ“ཡོན་ཏན་པ”དང“དཔེ་ཆ་བའི”མཚན་ཡང་མི་ཐོགས་པས།  ངའི་སྐད་ཆར་འཚོ་བ་དང་ཤེས་བྱའི་བཅུད་ཀྱིས་གཏམས་པའི་ཁྱད་ཡོན་མི་མངའ་ན།   རང་གི་ཡིག་འབྲུ་རྣམས་ཀྱི་ལོ་རྒྱུས་བརྟན་པོར་བསྐྱངས་མ་ནུས་པར་ཅིས་ཀྱང་བཟོད་གསོལ་བྱའོ། །
འདི་ལྟར།   སྙིང་རླུང་ཁོང་ནས་ལྡང་བའི་བཟོད་གསོལ་གྱིས།  ངའི་འདས་པའི་དུས་ཀྱི་མི་དགེ་བ་དང་མི་ལེགས་པའི་དྲི་མ་ཡོངས་སུ་དག་ཅིང་།   དེ་རིང་སྐབས་ཀྱི་འཚོ་བའི་ཆགས་འཇིག་རྣམས་ཀྱང་དབྱིངས་སུ་ཟད་དེ།   མི་ཚེའི་བདེ་བ་སྔར་བས་གསལ་ན་སྙམ་མོད།  དངུལ་གྱི་ནད་ཡམས་དྲག་ཏུ་གཡོ་བའི་ཁོར་ཡུག་འདིས།   ཡང་སྙིང་རང་ཉིད་དུས་རབས་འདིའི་སྲོག་ཆགས་ཡིན་པར་སོམ་ཉི་ཟ་བའི་སྟེང་།  ད་ལྟའི་འཇིག་རྟེན་གྱི་འཚོ་སྡོད་ལ་འོས་འཚམས་མིན་པའི་སྣང་བའང་བཅོས་མིན་དུ་སྐྱེས་པས།  མི་ཚེའི་སྟོངས་འཇིག་གི་དངངས་པ་བདག་རྒྱུད་ལ་སྦྱར་ནས།  སྐད་ཆའི་རིན་ཐང་ཙམ་གྱི་ཧུར་བརྩོན་ཉམས་སུ་བླང་ཕྱིར།  གསང་བའི་དཀྱིལ་འཁོར་ལྟ་བུའི་ངའི་ཚེ་སྲོག་གི་དྲན་པས།  སླར་ཡང¡°རིག་རྩལ་རྒྱང་སྐྱོད”ལ་འཇུག་པར་བསྒྲགས་ན། ཡི་གེ་ཚོམ་བུ་འདིས་རང་གི་ད་ཡོད་ཀྱི་རྩིས་ཐང་མཚོན་པར་འདོད་དོ། ། 
ད་ནི་ཧོང་ཀོང་གི་གློག་བརྙན་བརྩམས་ཆོས་ཏེ།  «གཟི་མདངས་མངའ་རྗེས»(华丽之后)ཁྲོད་ཀྱི་གཞས་མ་ཟུང་གི་མཐའ་མའི་གཏམ་གྱིས་མཇུག་བསྡུ་སྟེ།
J:ཁྱོད་རང་དངོས་གནས་གཞས་གཏོང་བར་དགའ་བོ་ཡོད་དམ།
R:ཨུན། ......
J:དེས་ན་ཁྱོད་ཀྱིས་རང་ཉིད་གཅིག་པུ་གཞས་ལེན་པར་སྤྲོ་བ་དང་། སྐད་གྲགས་ཆོད་པའི་གཞས་མཁན་ཞིག་བྱ་རྒྱུའི་ཁྱད་པར་ཤེས་སམ།  འདི་ལྟར། གཞས་ལ་དགའ་བའི་མིས་གཞས་ལེན་པར་འདོད་དུས་བླངས་ཤིང་། མི་འདོད་སྐབས་འཕྲལ་དུ་བསྐྱུར་ཡང་ཆོག་མོད།  གཞས་མཁན་དེ་དང་མི་འདྲ་སྟེ། གཞན་གྱིས་ཁྱོད་ལ་ལོངས་ཤིག་ཟེར་དུས་བླང་དགོས་ལ།  ཁྱོད་རང་དོན་དག་མང་བོར་ཡིད་འཐད་མེད་ཀྱང་།  དེ་མ་ཐག་གར་སྟེགས་སྟེང་འབུད་དགོས་པ་རེད།
R:དེ་ཤེས་ཡོད།  འོན་ཀྱང་།  ང་རང་མི་སྐྲག  རྒྱུ་མཚན།  ངས་གཞས་ལེན་རྒྱུ་དོར་ཚེ།   གཞན་ཅི་ཡང་འཇོན་གྱི་མེད།
J:དོན་ངོ་མར་ང་ཡང་དེ་བཞིན་ཡིན། 
“......”
  • ལེ་ཚན་སྔོན་མ།:གསར་རྩོམ་ལ་ཞུགས་པའི་མྱོང་ཚོར།
  • ལེ་ཚན་རྗེས་མ།:སྙན་ངག་གསར་རྩོམ་གྱི་མྱོང་ཚོར་དུས་རབས་ཀྱི་རླུང་།
  • དོ་སྣང་ཆེ་བའི་རྩོམ།