བོད་རིགས་ཀྱི་ཆེས་ཐོག་མར་ནན་ཏིང་ཀེར་གྱི་བྱ་དགའ་ཐོབ་མཁན་པ་སངས་དོན་གྲུབ།

ཡེ་ཤེས་མགོན་པོ།        2010-12-31

                           བོད་རིགས་ཀྱི་ཆེས་ཐོག་མར་ནན་ཏིང་ཀེར་གྱི་བྱ་དགའ་ཐོབ་མཁན་པ་སངས་དོན་གྲུབ།
ལོ40ལྷག་གི་རིང་ལ་པ་སངས་དོན་གྲུབ་ཀྱིས་སྤྱིར་བཏང་གི་ནད་གཡོག་སྨན་པའི་ལས་ཀ་ཐོག་འབད་པ་ལྷུར་ལེན་བྱས་མཐར་རྒྱ་ཆེའི་ནད་པ་ཚོའི་བླ་ན་མེད་པའི་དགའ་གཅེས་ཐོབ་པ་དང་ཆབས་ཅིགལས་ཀ་དངོས་སུ་དམིགས་བསལ་གྱི་བྱས་རྗེ་བཞག་པ་རེད།དེར་བརྟེན་2010ལོའི་ཟླ་བ12པའི་ཚེས15ཉིན་ལ་སྨྱུག་འཛིན་པས་སླར་ཡང་པ་སངས་དོན་གྲུབ་ལ་བཅར་འདྲི་བྱས་པ་ཡིན།
     ཁོང་ནི་1951ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་སྐྱ་གད་ཤང་གི་ཞིང་པའི་ཁྱིམ་ཚང་ཞིག་ནས་སྐྱེས།དུས་དེར་དཔལ་འབྱོར་འཚོ་བའི་ཐད་ལ་ཧ་ཅང་དཀའ་ངལ་ཆེན་པོ་ཡོད་རུང་།པ་སངས་དོན་གྲུབ་ཀྱི་ཕ་མ་གཉིས་ཀྱིས་བུ་རྒྱུད་ཀྱི་ཡིག་རྨོངས་སེལ་རྒྱུ་དེ་ཕུགས་ཀྱི་རེ་བར་བཟུང་ནས།པ་སངས་དོན་གྲུབ་ཤང་གི་ལྟེ་བའི་སློབ་ཆུང་དུ་བསྐྱལ་ཏེ་ཤེས་བྱ་རིག་གནས་ཀྱི་བདུད་རྩིར་ཉམས་སུ་མྱོང་དུ་བཅུག་པས་མ་ཚད།དུས་རྟག་པར་ཕ་མ་གཉིས་ཀྱིས་པ་སངས་དོན་གྲུབ་ལ་དོན་བཟང་དང་དགེ་བའི་ལས་བསྒྲུབ་རྒྱུ་དེ་སེམས་ལ་འཆངས་དགོས།རང་ཉིད་ལ་འཇོན་ནུས་ཡོད་རྗེས།རང་ཉིད་ཀྱི་ལྟེ་ཁྲག་ཐོག་མར་འཕོས་སའི་མི་སེར་ཚོ་གཏན་ནས་བརྗེད་མི་ཉན།ཁྱོད་ཀྱིས་ཁོ་ཚོར་རོགས་རམ་བྱེད་དགོས་ཞེས་ཁ་ཏ་སློབ་གསོ་བྱས།ཕ་མ་གཉིས་ཀྱི་བསླབ་བྱ་ཉིད་པ་སངས་དོན་གྲུབ་ཀྱི་སེམས་གཞུང་གི་ས་གཞི་གཤིན་པོར་རྩ་བ་བརྟན་པོ་ཚུགས།སྐབས་དེར་རང་ཉིད་ཕ་ཡུལ་གྱི་མི་སེར་ཚོར་ནད་ལྟ་མཁན་གྱི་སྨན་པ་དང་ནད་འཇོམས་བྱེད་ཀྱི་སྨན་དཀོན་པས་ནད་ཀྱིས་མནར་བར་བཟོད་བསྲན་བྱེད་དགོས་པ་དང་།མཐར་གཏུག་རྐྱེན་དབང་གིས་འཆི་ལམ་དུ་བསྐྱོད་བར་མ་ཟད།ནད་ཀྱིས་མནར་བའི་དབང་གིས་དབུལ་ཕོངས་ལ་གྱུར་པའི་རྣམ་པ་མཐོང་དུས་སྐྱོ་སྣང་གིས་ཁེངས་མྱངས་ཤིང་།ཁོའི་སེམས་སུ་ནར་སོན་རྗེས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་མཁན་གྱི་སྨན་པ་ཡག་པོ་བྱས་ཏེ་ཕ་ཡུལ་གྱི་མི་སེར་ཚོར་ནད་བཅོས་བྱ་རྒྱུའི་ཆོད་སེམས་བཅངས་ནས་ཕྱིན་ཆད་གསོ་རིག་བྱ་གཞག་གི་ལམ་དུ་བསྐྱོད་པར་རྨང་གཞི་ངེས་ཅན་ཞིག་བཏིང་བ་རེད།
     1971ལོར་ལོ་ན19ལ་སོན་པའི་པ་སངས་དོན་གྲུབ་ཀྱིས་ཆུང་བྱིས་པའི་དུས་ཀྱི་ཕུགས་རེ་སེམས་ལ་བཅངས་ནས་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭར་རྒྱུགས་སྤྲད་དེ་འཕྲོད།དུས་དེར།པ་སངས་དོན་གྲུབ་ཀྱིས་ཐེངས་དང་པོར་ནན་ཏིང་ཀེར་ཞེས་པའི་མིང་འདི་ཐོས།ནད་གཡོག་སྨན་པ་ལ་ཆ་བཞག་ནས་བཤད་ན།དེ་ནི་གཅེས་སེམས་དང་གཞན་ཕན།གཞན་དོན་སྒྲུབ་པའི་སྙིང་སྟོབས་ལྡན་པ་ཞིག་ལགས་པས་པ་སངས་དོན་གྲུབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་པས་མ་ཚད།ནད་གཡོག་སྨན་པའི་ཆེད་སྦྱོང་ལ་བརྩོན་པ་ལྷུར་ལེན་བྱས་ཏེ་ཀྲུང་གོའི་ནན་ཏིང་ཀེར་བྱ་རྒྱུའི་སེམས་ཐག་བཅད།གནའ་མི་བོད་ཀྱི་གཏམ་དཔེ་ལ་ཕུགས་འདུན་བརྟན་ན་ངར་ཤུགས་ཀྱིས་ནི་མིན།གཏན་དུ་འབྲས་བུ་སྨིན་ཕྱིར་མྱུར་མི་བྱ་ཞེས་པ་ལྟར།དུས་དེ་ནས་བཟུང་པ་སངས་དོན་གྲུབ་ཀྱིས་སྐད་རིགས་ཐོག་གི་འགལ་རྐྱེན་སྣ་ཚོགས་སེལ་ནས་སློབ་ཁང་ནང་ཡིན་ནའང་འདྲ།ཉལ་ཁང་དང་སློབ་གྲྭའི་ར་བའི་ནང་ཡིན་ཡང་རུང་།ག་ས་གང་ལ་ཁོས་བརྩོན་པ་དྲག་པོ་བྱས་པའི་རྐང་རྗེ་བཞགལོ་གཉིས་འདས་རྗེས་པ་སངས་དོན་གྲུབ་ལ་གཟེངས་སུ་ཐོན་པའི་སྦྱངས་འབྲས་ཐོབ་ནས་སློབ་མཐར་ཕྱིན་ཏེ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ནད་གཡོག་སྨན་པ་ཞིག་ཏུ་གྱུར་ནས་རང་ཉིད་ཀྱི་ཕུགས་རེ་མངོན་འགྱུར་བྱུང་བ་རེད།
     1973ལོར་པ་སངས་དོན་གྲུབ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་བཤགས་བཅོས་ཚན་ཁག་གི་ནད་གཡོག་སྨན་པའི་བྱ་བར་ཞུགས་ཡོད།ཁོའི་སེམས་ནང་ཚད་དང་ལྡན་པའི་ནད་གཡོག་སྨན་པ་ཞིག་བྱེད་དགོས་ན།སློབ་གྲྭའི་ནང་སྦྱངས་པའི་ནད་གཡོག་ཤེས་བྱ་ཙམ་གྱིས་གཏན་ནས་མི་འདང་ཞིང་།ཆེད་ལས་དེར་བྱང་ཆུབ་པའི་འཇོན་ཐང་ཡོད་དགོས་པས་མ་ཚད།ད་དུང་རིགས་སྣ་ཚོགས་ཀྱི་གསོ་རིག་གི་ནད་གཡོག་སྨན་པའི་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས།དེར་བརྟེན་པ་སངས་དོན་གྲུབ་ཀྱིས་དུས་ཚོད་སྐར་ཆ་ཙམ་ལའང་གཅེས་འཛིན་བྱས་ནས་སེམས་ཤུགས་བསྒྲིམས་ཏེ་གསོ་རིག་ཐད་ཀྱི་ནད་གཡོག་སྨན་པའི་བྱ་གཞག་ལ་ཞིབ་འཇུག་བྱས་པ་དང་ཆབས་ཅིགསྨན་པ་དང་ནད་གཡོག་སྨན་པ་རྒན་གྲས་རྣམས་ལ་བཀའ་དྲིས་ཞུས་ནས་རྒྱུན་ཆད་མེད་པར་རང་ཉིད་ཀྱི་འཇོན་ནུས་ཇེ་དྲག་ཏུ་བཏང་སྟེ་ལག་ལེན་དངོས་ཀྱི་ཁྲོད་དུ་ཉམས་སད་ཐེབས་ཐུབ་པའི་ནུས་རྩལ་ཞིག་ཁོང་དུ་ཆུད་པ་རེད།
     དུས་རྒྱུན་གྱི་ལས་ཀའི་ཁྲོད་དུ་པ་སངས་དོན་གྲུབ་ཀྱིས་ནད་གཡོག་སྨན་པར་འཛོམས་དགོས་པའི་ལས་རིགས་སྤྱོད་ཚུལ་དང་གཅེས་སེམས་ཀྱིས་ནད་པ་རེ་རེ་ལ་སེམས་ཁུར་བྱས་ཤིང་།ནད་པ་ཚབས་ཆེན་དང་ཁྱད་པར་དུ་ཐག་རིང་ལུང་ཁུག་ནས་འོངས་པའི་བོད་རིགས་ཞིང་འབྲོག་མང་ཚོགས་དང་འཕྲད་དུས།ཁོས་རང་འགུལ་གྱིས་ནད་པ་ཚོར་བོད་སྐད་ཐོག་ནས་ནད་གཞི་ཞིབ་མོ་བཤད་ནས་ཁོ་ཚོའི་དོགས་གཞི་དང་འཇིགས་སྣང་སེལ་རོགས་བྱས།ནད་པ་རེ་རེ་ལ་བཤགས་བཅོས་མ་བྱེད་སྔོན་དང་བཤགས་བཅོས་བྱེད་རིང་།བཤགས་བཅོས་བྱས་རྗེས་ཀྱི་གནས་ཚུལ་མཐའ་དག་རྒྱུས་ལོན་བྱས་ནས་རང་ནུས་ཅི་འཇོན་གྱིས་ནད་པ་ཚོའི་དགོས་མཁོ་སྐོང་བ་རེད།བཤགས་བཅོས་ཁང་གི་ལས་ཀ་ནི་དུས་ཚོད་གཏན་འཁེལ་མེད་ལ་སྨན་བཅོས་མི་སྣ་མི་འདང་བ་དང་ནད་པ་མང་བའི་གནས་ཚུལ་ཐུག་མོད།བཤགས་བཅོས་བྱེད་རྒྱུ་ཡོད་དུས་པ་སངས་དོན་གྲུབ་ཨང་དང་པོར་བཤགས་བཅོས་ཁང་དུ་ཐོན་ངེས་རེད།
     པ་སངས་དོན་གྲུབ་ཀྱི་ལས་རོགས་ཚོའི་དྲན་གསོའི་མེ་ལོང་དུ་དུས་དེང་སང་ཡང་དོར་ཐབས་མེད་པ་ཞིག་ནི་1973ལོའི་ཟླ་བ2པའི་ནང་བྲག་འགོ་རྫོང་དུ་རིམ་པ7.9ཅན་གྱི་ས་འགུལ་ཆེན་པོ་བྱུང་བའི་སྐབས་སུ་པ་སངས་དོན་གྲུབ་ཀྱང་སྨན་བཅོས་མྱུར་སྐྱོབ་རུ་ཁག་ནང་ཞུགས་མྱོང་ཞིང་།ཁོང་གིས་ལག་ཁྱེར་གློག་སྒྲོན་དང་སྒྲོན་མེའི་འོད་ལ་བརྟེན་ནས་སྦྲ་གུར་ནང་རྨས་མར་སྨན་བཅོས་བྱས་པ་དང་།ཉིན་མཚན་བདུན་གྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར་རྨས་མ300ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་རྨས་སྐྱོན་ཚབས་ཆེན་ཐེབས་པའི་མི50ལྷག་ཙམ་གྱི་ཚེ་སྲོག་བསྐྱབས།1995ལོར་སེར་ཤུལ་རྫོང་དུ་ཁ་བའི་གནོད་སྐྱོན་ཚབས་ཆེན་ཐེབས་ནས་སྒོ་ཕྱུགས་མང་པོ་ཁེངས་ནས་ཤི་བ་དང་།འབྲོག་པའི་མང་ཚོགས་སྟོང་ལ་ཟིན་པ་ཞིག་ལ་གནོད་སྐྱོན་ཐེབས་པ་རེད།པ་སངས་དོན་འགྲུབ་རྒུད་སྐྱོར་རུ་ཁག་དང་མཉམ་དུ་གནོད་སྐྱོན་ཐེབས་ཁུལ་དུ་བསྐྱོད་ནས་རང་འགུལ་གྱིས་ཆེས་མཐའ་འཁོབ་ཀྱི་རྒུད་སྐྱོབ་ལས་འགན་འཁུར་ནས་འཁེངས་ནས་རྨས་སྐྱོན་ཐེབས་པའི་འབྲོག་དམངས100ལྷག་ཙམ་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་གཟེངས་བསྟོད་ཆེན་པོ་བྱས།
     སྨན་པའི་གོས་ཆས་དེ་ལུས་ལ་གོན་རྗེས།སྲོག་སྐྱོབ་རྨས་གསོ་བྱེད་རྒྱུ་དེ་སེམས་ལ་འཆངས་དགོས་ཞེས་པ་ལྟར།ནད་གཡོག་སྨན་པ་བྱས་ནས་ལོ30ལྷག་གི་རིང་ལ་པ་སངས་དོན་གྲུབ་ཀྱིས་འདི་ལྟ་བུའི་མི་ཚེའི་ཚད་གཞི་ཞིག་སེམས་སུ་བཅངས་ནས་རྗེས་རབས་པར་སློབ་གསོ་བྱས།དཀར་མཛེས་ཁུལ་མི་དམངས་སྨན་ཁང་ནང་ནད་ལྟ་རུ་འོང་མཁན་གྱི་བོད་རིགས་ཞིང་འབྲོག་དམངས་ཀྱི་ནང་ནས་ནད་པ་ཕལ་ཆེ་ཤོས་ཀྱི་རྒྱ་སྐད་མི་ཤེས་ལ།སྨན་པས་བོད་སྐད་མི་ཤེས་པས་སྐད་ཆ་གོ་བརྡ་མི་འཕྲོད་པའི་དབང་གིས་སྨན་བཅོས་ལས་ཀའི་ཐད་ལ་དཀའ་ངལ་ཆེན་པོ་བཟོས་པ་རེད།གནས་ཚུལ་དེ་འདྲ་དང་འཕྲད་དུས་པ་སངས་དོན་གྲུབ་ཀྱིས་རང་འགུལ་གྱིས་ལམ་ཁྲིད་དང་སྐད་སྒྱུར་གྱི་ལས་འགན་འཁུར་བ་རེད།དཀའ་ངལ་ཡོད་པའི་ཞིང་འབོག་པའི་ནད་པ་དང་འཕྲད་དུས།ཁོས་ད་དུང་རང་ནུས་ཅི་འཇོན་གྱིས་ནད་པ་དེ་དག་ལ་འཚོ་བའི་གྲོན་དངུལ་དང་སྨན་རིན་སྟེར་བ་ནི་གོམས་གཤིས་སུ་ཆགས།དུས་ཚོད་ཀྱི་ཆུ་རྒྱུན་ཁྲོད་དུ་ཁུལ་མི་དམངས་སྨན་ཁང་ནང་པ་སངས་དོན་འགྲུབ་ཟེར་བའི་སྨན་པ་བཟང་པོ་ཞིག་ཡོད་པ་ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ཤེས་པར་གྱུར།
     1999ལོར་པ་སངས་དོན་གྲུབ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་འགོ་ཁྲིད་གཞོན་པའི་ལས་གནས་ཐོག་བསྐོས་རྗེས།ཁོང་གིས་ད་ཡོད་ཀྱི་ཤེས་ལྡན་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད།དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣ་གསོ་སྦྱོང་བྱེད་སྟངས་ཀྱི་འཆར་གཞི་གཏན་འཁེལ་བྱས་པ་དང་ཆབས་ཅིགསྨན་ཁང་རང་ཉིད་ཀྱི་དོན་དངོས་ལ་གཞིར་བཟུང་ནས་ནད་གཡོག་སྨན་པ་གསོ་སྦྱོང་བྱེད་པའི་ལས་ཀ་འབོར་ཆེན་བསྒྲུབས་ནས་སྨན་ཁང་འཛུགས་སྐྲུན་ཐད་ལ་བླ་ན་མེད་པའི་བྱས་རྗེ་བཞག་པ་རེད།
     2003ལོའི་ཟླ་བ8པའི་ནང་ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་སྤྱི་རྒྱ་གྲ་དམར་པོ་ཚོགས་པའི་ཚབ་མཛད་ནས་ནན་ཏིང་ཀེར་གྱི་བྱ་དགའ་པ་སངས་དོན་གྲུབ་ལ་གནང་བ་རེད།འདི་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་སྐྱེས་པ་ཡིས་ཆེས་ཐོག་མར་ནན་ཏིང་ཀེར་གྱི་བྱ་དགའ་བླངས་བ་ཡིན་པ་མ་ཟད།1912ལོར་ཨ་མེ་རི་ཀ་རྒྱལ་ཁབ་ཀྱིས་རྒྱལ་ས་ཧྭ་ཧྲེན་ཏུན་དུ་འཛུགས་གཉེར་བྱས་པའི་སྐབས9པའི་རྒྱལ་སྤྱིའི་རྒྱ་གྲ་དམར་པོའི་ཚོགས་ཆེན་ཐོག་ནན་ཏིང་ཀེར་ཨར་བྱ་དགའ་གཏན་འཁེལ་བྱས་པ་ནས་ད་ལྟའི་བར་དུ་པ་སངས་དོན་གྲུབ་ནི་ཆེས་ཐོག་མར་བྱ་དགའ་དེ་ཐོབ་མཁན་གྱི་བོད་རིགས་ཤིག་ཡིན་ནོ།།
 

  • ལེ་ཚན་སྔོན་མ།:བོད་སྨན་གྱི་མ་ཕྱིན་བཙོ་ཐལ་བདུད་རྩི་མའི་སྨན་སྦྱོར་རྒྱུན་འཛིན་པ།—འགྲོ་འདུལ་རྣམ་རྒྱལ།
  • ལེ་ཚན་རྗེས་མ།:སྐུ་ནུབ་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྣམ་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།