འདན་མའི་དྲན་གསོ་ཁང་།

ཐུབ་བསྟན་ལུང་རྟོགས་ཉི་མ།        2015-01-21

 འདན་མའི་དྲན་གསོ་ཁང་།

འདན་མའི་དྲན་གསོ་ཁང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ལོ་ཕྱུག་གྲོང་བརྡལ་དུ་ཆགས་ཡོད་ལ། དྲན་གསོ་ཁང་དང་སྣེ་ལེན་ཁང་། རིག་དངོས་ཁང་། དཔེ་མཛོད་ཁང་། དོ་དམ་པའི་སྡོད་ཁང་བཅས་རྒྱ་ཁྱོན་ལ་ཁྱོད་བསྡོམས་རྨིད་གྲུ་བཞི་མ་ཁྲི༡ཙམ་ཡོད། ལོ་ངོ་ཆིག་སྟོང་ལྷག་གི་སྔོན་རོལ་དུ་བོད་ཁམས་ལ་དམག་འཁྲུག་གི་འཇིགས་པས་ཆག་སྒོ་གང་མང་གཅིག་རྗེས་གཉིས་མཐུད་དུ་བྱུང་ཚེ་གླིང་གེ་སར་གྱིས་དཔལ་ཐུལ་བརྒྱད་ཅུའི་དམག་སྣ་དྲངས་ནས་ནག་ཕྱོགས་ཀྱི་དགྲ་བོ་ཆམ་ལ་ཕབ་སྟེ་ལོ་བརྒྱ་ཡི་རིང་གི་ནང་འཁྲུགས་ཞི་བར་བྱས་པས་བོད་ཁུལ་ལ་ནང་ཆོས་དར། བློན་ཆེན་འདན་མ་ནི་གྲུབ་ཐོབ་ས་ར་ཧའི་ཡང་སྲིད་དེ་དཔའ་ཐུལ་བརྒྱད་ཅུའི་གཙོ་བོ་ཡིན། ཁོང་གི་འཁྲུངས་ཡུལ་ནི་འདན་མའི་ས་ཆ་ཡིན་ལ། དམག་འཁྲུགས་ཀྱི་སྐབས་སུ་ལོ་ཕྱུག་གྲོང་གི་ཤར་ཕྱོགས་ཀྱི་སྤྱི་ལེ༥ཙམ་གྱིས་རྒྱང་བའི་ལ་ཁ་རིང་མོར་མཁར་རྫོང་བཞེངས་ཏེ་འདན་ཡུལ་གྱི་ཕོ་རྒོད་རྣམས་ཀྱི་འགོ་ཁྲིད་དེ་གཡུལ་འགྱེད་ལ་ཞུགས་པས་ཁྲག་དང་རྔུལ་ཆུ་ཕངས་མེད་ཟག་ཅིང་བྱས་རྗེས་དཔག་མེད་བཞག་ཡོད་ལ་གནས་དེ་ནི་གླིང་དམག་གི་འབྲུ་རིགས་ཉར་ཚགས་བྱེད་སར་གྱུར།ལོ་ཕྱུག་གྲོང་བརྡལ་གྱི་འདན་ཤུག་ར་དགོན་པ་ནི་ངོ་ལོ༨༠༠ལྷག་གི་ལོ་རྒྱུས་ལྡན་པའི་ས་སྐྱའི་དགོན་པ་ཞིག་ཡིན། དགོན་པ་ནི་བློན་ཆེན་འདན་མའི་མཁར་ཤུལ་གྱི་ཤར་ཕྱོགས་སུ་ཡོད། དེའི་ནང་ལ་འདན་མས་སྤྱོད་མྱོང་བའི་རྨོག་ཉར་ཚགས་བྱས་ཡོད། བློན་ཆེན་འདན་མའི་བྱས་རྗེས་ཁྱབ་སྒྲོག་དང་བོད་ཀྱི་རིག་གནས་སྔོག་འདོན་དང་སྲུང་སྐྱོབ་བྱས་ཏེ་རྒྱ་བོད་བར་ལ་རིག་གནས་བརྗེ་རེས་དང་། ས་ཆའི་དཔལ་འབྱོར་དར་སྤེལ་གཏོང་ཆེད་སེར་ཤུལ་རྫོང་གིས་ཆོག་མཆན་གནང་བ་ལྟར་ཤུག་ར་དགོན་པའི་ངག་དབང་སྦྱིན་པས་འདན་མའི་དྲན་གསོ་ཁང་བཞེངས་འགོ་ཚུགས་ཏེ༢༠༠༧ལོར་ལེགས་པར་གྲུབ། དྲན་གསོ་ཁང་ནང་དུ་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ཀྱིས་རིག་དངོས་དང་བཅས་པ་ངོ་སྤྲོད་བྱས་དང་བྱེད་བཞིན་པ་ལགས་པས་གེ་སར་ཞིབ་འཇུག་དང་ནང་བསྟན་ཞིབ་འཇུག་རིག་དངོས་ཞིབ་འཇུག་བྱེད་པ་ལ་ཕན་ཆེན་པོ་ཐོགས་སོ། །
  • ལེ་ཚན་སྔོན་མ།:མདོ་སྨད་སའི་ཐིག་ལེ་དགེ་རྩེ་རྫ་ཆུ་ཁའི་དཔལ་དགེ་རྡོ་འབུམ་གྱི་བྱུང་བ་མདོ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:མདོ་ཁམས་འདན་མའི་ཡུལ་གྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་།