བོ་རོད་དགོན་གྱི་ལོ་རྒྱུས།

རིག་བསྟན།        2014-12-25

བོ་རོད་དགོན་གྱི་ལོ་རྒྱུས།

བོད་རོད་དགོན་པ་ནི་གཙང་སྟོད་བཀྲ་ཤིས་ལྷུན་པོའི་བཀའ་རབ་འབྱམས་པ་བསྟན་པ་དར་རྒྱས་ཞེས་པས་ཕྱག་བཏབ།གཙང་བཀྲ་ཤིས་ལྷུན་པོའི་དགོན་ལག་ཏུ་གཏོགས།སྒྲིག་ལམ་དང་འདོན་རྟ་དབྱངས་སོགས་གཙང་པ་ལྟར་ཡིན། སྲུང་མ་ཡང་ནེ་སེར་ཇོ་བོ་ཆེན་པོ་ཡིན།  བསྟན་པའི་བདག་པོ་གོང་བུ་རིན་པོ་ཆེ་མེར་མཁན་ཆོས་རྗེ་དགྱེས་པ་ལྷུན་གྲུབ་རྒྱ་མཚོ་ཡིན།པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་དགོན་འདི་ལ་བཅའ་ཡིག་སོགས་གནང་ནས་བསྟན་བདག་མཛད།གོང་སྤྲུལ་ལ་ཐོབ་ཡིག་རྟགས་ཞྭ་སོགས་གནང་།རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་རིང་ལ་ཁོང་གིས་དགོན་འདི་ལ་བཅའ་ཡིག་གོང་སྤྲུལ་ལ་ཐོབ་ཡིག་གསེར་བྲིས་ལྔ།རྗེའི་སྐུ་འདྲ་བཞད་འཕགས་མ།དགོན་འདིའི་བླ་གྲྭ་རྣམས་གང་དུ་སོང་ཡང་བསྙེན་བཀུར་ཞབས་ཏོག་གི་དང་ལེན་ཞུ་བ་མ་གཏོགས་བཀག་སྡོམ་ཉེས་བཅོམ་གཏན་ནས་མི་ཆོག་པའི་བཀའ་ཡིག་གནང་།པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་གྲྭ་དགེ་ལེགས་བརྩོན་འགྲུས་གཟིག་འགག་བྱས།གོང་སྤྲུལ་ལ་ཐོབ་ཡིག་ཐམ་ཀ་དང་། དགོན་ལ་རྟེན་སྐལ་རྒྱ་ཆེན་གནང་སྟེ་གཟིགས་རྟོགས་བཟང་པོ་གནང་། 
   ཀོང་སྤྲུལ་སྐུ་ཕྲེང་བཅུ་བདུན་དང་། གཙེང་སྤྲུལ་སྐུ་ཕྲེང་ལྔ།  ཨ་སྤྲུལ་སྐུ་ཕྲེང་བཞི། གསེར་གླིང་སྐུ་ཕྲེང་གསུམ། གཟིམ་འགག་སྐུ་ཕྲེང་གསུམ། དགེ་སྤྲུལ་སྐུ་ཕྲེང་ལྔ་སོགས་སྐྱེས་མཆོག་དུ་མ་དགོན་འདིའི་སྤྲུལ་སྐུ་རུ་བྱོན་མྱོང་ཡོད། ། དགེ་སྤྲུལ་རིག་གྲོལ་ཚང་ནི་མཁས་པའི་སྙན་གྲགས་རྒྱས་ཤིང་བོ་རོད་དགོན་གྱི་དགེ་སྐུལ་མཛད། དེའི་སྐུ་རྗེས་མ་སྤྲུལ་སྐུ་འཕེལ་ལོ་ཟེར་བ་གཅིག་བྱོན། དེའི་ཡང་སྲིད་ཐུབ་བསྟན་ལུང་རིག་རྒྱ་མཚོ་ལབ་ལུང་དུ་སྐུ་འཁྲུངས།། དགོངས་རྟགས་ལུང་བསྟན་ལ་ཐོགས་པ་མེད་པ་ཡིན། དེའི་ཡང་སྲིད་ཐུབ་བསྟན་ཆོས་ཀྱི་ཉི་མ་ནི་རྦ་རྒན་དུ་འཁྲུངས། དམངས་གཙོ་བཅོས་བསྒྱུར་སྐབས་སྐུ་གཤེགས། ཨ་སྤྲུལ་སྐུ་ཕྲེང་ཐོག་མ་ནི་དགེ་ལེགས་ཡར་འཕེལ་དང་དུས་མཉམ་ཡིན། དེའི་རྗེས་ཀྱི་སྐུ་ཕྲེང་གཅིག་རང་དགོན་འདིའི་གྲྭ་བ་མཛད། སྐུ་ཕྲེང་གསུམ་པ་ནི་སྐྱབས་མགོན་འཇམ་དབྱངས་བློ་བཟང་རྒྱ་མཚོའི་སྐུ་ཚ་ཡིན། ལུང་བསྟན་ལ་ཐོགས་པ་མེད་ཅིང་སྐྱེ་འཆི་ལ་རང་དབང་ཐོབ་པར་གྱུར། གོང་སྤྲུལ་སྐུ་ཕྲེང་རིམ་བྱོན་ནི་དགོན་འདིའི་བསྟན་པའི་བདག་པོ་ཡིན། གོང་སྤྲུལ་སྐུ་ཕྲེང་བཅོ་ལྔ་པའི་སྐབས་སུ་ཉག་དུས་ལོག་པའི་དུས་ལ་ཐུག  སྐུ་ཕྲེང་བཅུ་བདུན་པ་འཇམ་དཔལ་བསོད་ནམས་བསྟན་པའི་དབང་ཕྱུག་བཟང་པོ་ནི་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་སྐུ་སྐྱེ་བཞེས། སྐུ་ཆུང་དུས་ནས་རབ་ཏུ་བྱུང་ཏེ་རིག་པའི་གཞུང་ལ་འཇུག་པས་མཁས་པའི་ཕ་མཐར་སོན་ཏེ་བླ་ཆེན་དགོངས་པ་རབ་གསལ་གཉིས་པ་ཞེས་པའི་མཚན་སྙན་རྒྱས། དགོན་འདི་ལ་འདུ་ཁང་གསར་བཞེངས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་སྒྲིག་ལམ་དང་ཀུན་སྤྱོད་དག་ཐེར་མཛད་ཅིང་སློབ་གཉེར་གྱི་མཁན་པོ་གཞན་ནས་གདན་དྲངས་ཏེ་ལུང་རྟོགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། བླ་མ་གསེར་གླིང་ཚང་ནི་རང་སྡེར་སྐུ་འཁྲུངས།ཆུང་དུས་ནས་ངེས་འབྱུང་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་བརླན་ཏེ་ཡོན་ཏན་མཐའ་དག་ལ་རང་དབང་འབྱོར།རང་དགོན་དུ་རྟེན་བཞེངས་མང་དུ་མཛད།ཨ་སྤྲུལ་ངག་དབང་ཐུབ་བསྟན་ཆོས་ཀྱི་ཉི་མ་ནི་འབུམ་གསར་དུ་སྐུ་འཁྲུངས།དགེ་སྤྲུལ་དང་དབང་ལྷུན་གྲུབ་འཇམ་དཔལ་བསོད་ནམས་རབ་རྒྱན་ནི་འབུམ་རྙིང་དུ་སྐུ་འཁྲུངས་བ་སོགས་ཀྱི་སྤྲུལ་བའི་སྐུ་མཆོག་རྣམས་ཀྱིས་དགོན་འདིར་བསྟན་པ་འཛིན་སྲུང་གི་བྱས་རྗེས་བླ་ན་མེད་པ་བཞག་ཡོད་དོ། །

བོ་རོད་དགོན་གྱི་ལོ་རྒྱུས།


བཤད་སྒྲུབ་ཀྱི་བསྟན་པ་དར་ཚུལ་ནི་ཆོས་མཛོད་བློ་བཟང་དགེ་ལེགས་རབ་རྒྱས་དང་།དབུ་ཟུར་ཁྱབ་བདག་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱིས་གོང་སྤྲུལ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་སྐུ་རིང་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་འཆད་ཉན་དང་རྩོད་གྲྭ་སོགས་བཙུགས།དུས་མཆོད་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།བཟང་སྤྱོད་ཆེན་མོ།རབ་གནས་དགེ་ཆར་དབྱར་གནས་སོགས་ཆོས་ལུགས་དུས་ཆེན་ཐེངས་བཅུ་བདུན་ཡོད།དགེ་འདུན་པའི་གྲངས་སྔོན་ཆད་བརྒྱ་ལྷག་ཙམ་དང་ད་སྐབས་དྲུག་ཅུ་ལྷག་ཙམ་ཡོད།
སྐུ་གསུང་ཐུགས་རྟེན་གྱི་སྐོར་ནི།རྒྱལ་དབང་ལྔ་པ་རིན་པོ་ཆེས་གོང་སྤྲུལ་རིན་པོ་ཆེ་ལ་གནང་བའི་རྗེ་བཞད་འཕགས་མ།སྐྱབས་མགོན་མདོ་རྒྱུད་རིན་པོ་ཆེའི་ཐུགས་དམ་སྒྲོལ་མའི་སྐུ་ལི་མ།ད་ལྟའི་གོང་སྤྲུལ་རིན་པོ་ཆེའི་བཞེངས་པའི་རྗེ་ཡབ་སྲས་གསུམ་ཁང་བརྩེགས་མ།གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་དང་སྒྲོལ་དཀར་རྣམ་རྒྱལ་མ།རྡོ་རྗེ་སེམས་དཔའ་རྣམས་ཁང་བརྩེགས་མ། དེ་མིན་སྐུ་ལི་མ་སོགས་བརྒྱ་ཙམ་དང་། མཆོད་རྟེན་བཅུ། འདུ་ཁང་སྟེང་གི་སྒྲོལ་མའི་ལྷ་ཁང་ནང་གསེར་ཟངས་ལས་གྲུབ་པའི་སྒྲོལ་མའི་སྐུ་ཁྲུ་གང་བ།གཞན་གསེར་ཟངས་ལས་གྲུབ་པའི་སྒྲོལ་མའི་སྐུ་ཁྲུ་གང་བ་བརྒྱ། གསེར་ཟངས་ལས་གྲུབ་པའི་གུ་རུའི་སྐུ་མི་ལུས་ཀྱི་ཚད་ཙམ་པ།བཀའ་འགྱུར་རིན་པོ་ཆེ་ཆ་དྲུག་ལམ་རིམ་དང་སྔགས་རིམ་སོགས་པོ་ཏི་ཉིས་བརྒྱ་ལྷག་ཙམ། ཐང་སྐུ་བཞི་བཅུ་རྣམས་གོང་སྤྲུལ་རིན་པོ་ཆེས་བཞེངས། ཨ་སྤྲུལ་རིན་པོ་ཆེས་བཞེངས་པའི་རྗེ་ཙོང་ཁ་བ་མི་ལུས་ཀྱི་ཚད་ཙམ་པ། གཞན་དགོན་པ་རང་ལ་ཡོད་པའི་སྐུ་གསུང་ཐུགས་རྟེན་གྲངས་མང་། བློ་བསམ་དང་ཚེ་བསམ་གཉིས་ནས་བཀའ་འགྱུར་ཚར་རེ་བཞག་པ་བཅས། གསུང་རབ་ཀྱི་པར་ཤིང་།ད་ལྟའི་གོང་སྤྲུལ་རིན་པོ་ཆེས་བཞེངས་པའི་ལམ་རིམ་མཐའ་དཔྱོད་ལྡེབ་རིང༢༦༦སྦྱོར་དངོས་ལྡེབ༥༠ཆོས་སྤྱོད་ལྡེབ༨༢དགེ་སློང་བསླབ་བྱ་ནོར་བུའི་འོད་འཕྲེང་ལྡེབ་རིང༣༧རིགས་ལམ་ཆུང་ངུ་ལྡེབ༡༨འདུ་ཁང་གཅིག་མགོན་ཁང་གོང་འོག་གཉིས། གྲྭ་ཤག་སུམ་ཅུ་ཙམ་ཡོད། རྒྱལ་ཁབ་ཀྱིས་སྒོར་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་གནང་བ་དེས་ཆོས་ར་སྤུས་ལེགས་ཤིག་བཞེངས།ད་ལྟ་མཁན་སྤྲུལ་བདུན་གྲྭ་བ་དྲུག་ཅུ་རེ་བཞི་བཅས་དུས་མཆོད་རྣམས་ཆ་རྐྱེན་ཅི་འཛོམས་ཀྱིས་འཚོགས་བཞིན་ཡོད།སྒྲིག་ལམ་ཀུན་སྤྱོད་སོགས་སྐྱོན་མེད་ཅིང་དད་ལྡན་མང་ཚོགས་ཀྱི་འདོད་པ་སྐོང་བཞིན་ཡོད་དོ།། 

བོ་རོད་དགོན་གྱི་ལོ་རྒྱུས།
 

  • ལེ་ཚན་སྔོན་མ།:ཁྲ་འབྲུག་གཙུག་ལག་ཁང་།
  • ལེ་ཚན་རྗེས་མ།:དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་།
  • དོ་སྣང་ཆེ་བའི་རྩོམ།