དཀོན་མཆོག་རྡོ་རྗེ།

བཀྲ་ཤིས།        2014-12-16

 དཀོན་མཆོག་རྡོ་རྗེ།


     ཁོ་བོ་ཆེས་ཐོག་མར་རྩོམ་འབྲིའི་ལས་ལ་ཞུགས་ཏེ་སེམས་ཀྱི་ཁྱེའུ་ཡི་ཚོར་འདུ་ཐན་ཐུན་ལས་སྨིན་པའི་རྩོམ་ཐུང་ཞིག་ཐོག་མར་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་པ་ནི་གསེར་སྨྱུག་གི་ཞིང་ཁམས་དང་འདྲ་བའི་ཁམས་པའི་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་རྣམས་ཀྱི་སྐུ་དྲིན་ཡིན་པ་དུས་ད་ལྟའང་བརྗེད་མེད།དེ་དུས་སུ་རྩོམ་ཡིག་བྲིས་པ་ནི་གཞན་ལ་ལད་མོ་ཁོ་ན་བྱས་པ་ལས་བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་གྱི་མཐོ་ཚད་བཅས་གང་ཡང་གླེང་རིན་མེད་མོད།ལྷག་བསམ་རྣམ་པར་དཀར་ཞིང་སྙིང་རྗེས་ཕྱུག་པའི་རྩོམ་སྒྲིག་པ་ཞིག་གིས་ཕྱག་ཟུང་ཡངས་པོ་ཡིས་ལད་རྩོམ་རེ་རེ་ལ་ཆད་མཐུད་ལྷག་བཅད་དང་ཡོ་བསྲང་བྱས་ཏེ་གསར་སྐྱེས་ན་གཞོན་རྩོམ་དགའ་བ་རྣམས་ཀྱི་བརྩམས་ཆོས་སུ་གྲུབ་པས་སོ་སོ་ལ་ཅི་ཞིག་ལེགས་གྲུབ་བྱུང་བ་ལྟ་བུའི་དགའ་སྤྲོའི་ཚོར་སྣང་སྐྱེས་པ་བརྗོད་ཀྱིས་ག་ལ་ལངས།ཁོང་གི་མཚན་ལ་དཀོན་མཆོག་རྡོ་རྗེ་ཞུ།བོད་ཀྱི་རིག་གནས་སྐྱ་ཆད་སྔོ་སྡུག་གི་སྐབས་སུ་ཁོང་གིས་རང་དཔེ་གཞན་སྟོན་གྱིས་སྙན་རྩོམ་དང་ལྷུག་རྩོམ།སྒྲུང་རྩོམ།འདྲ་པར་བཅས་གང་མང་གསར་རྩོམ་བྱས་ཏེ་ཚགས་པར་དང་དུས་དེབ་ཏུ་སྤེལ་བ་ང་ཚོས་ཡང་ནས་བསྐྱར་དུ་མྱོང་རོལ་བྱས་ཏེ་མིག་དཔེར་བཟུང་ཆོག་པས་ཁམས་པའི་བོད་ཡིག་ཚགས་པར་ནི་ང་དང་ང་འདྲ་བའི་ན་གཞོན་རྣམས་ཀྱི་གཤོག་རྩལ་སྦྱོང་སའི་མཁའ་ལམ་དང་རྐྱལ་རྩལ་བརྡར་སའི་རྒྱ་མཚོ་དང་འདྲ་ལ་ཁོང་ནི་ང་ཚོ་ལ་ཐར་ལམ་བསྟན་ཞིང་ལམ་སྣ་ཁྲིད་པའི་དགེ་བའི་བཤེས་གཉེན་དུ་ཆགས་པས་ང་ཚོ་དགའ་དུས་ཀྱི་སྐྱིད་གླུ་དང་སྡུག་དུས་ཀྱི་སྙིང་གཏམ་མང་པོ་དུས་ད་ལྟའང་ཁམས་པའི་ཞིང་ཁམས་སུ་བྲག་ཅར་འཁོར་གིན་འདུགསྔོན་བསགས་ཀྱི་ལས་འབྲེལ་ཟེར་ནའང་འདྲ།ཚེ་འདིའི་བསོད་ནམས་ཡིན་ཡང་རུང་།ང་རང་ལའང་དུས་རབས་ཀྱི་མགྲིན་ཚབ་པ་དང་ལོ་རྒྱུས་ཀྱི་དྲུང་ཡིག་ཅེས་གསར་འགྱུར་ཐོ་འགོད་པའི་ཆོ་ལོ་ཐོབ་སྟེ་ཁོང་གི་རྗེས་སུ་འབྲངས་ནས་རྩོམ་སྒྲིག་པའི་བྱ་གཞག་རླབས་པོ་ཆེ་ལ་ཞུགས་པའི་སྐལ་བ་ལྡན་པ་ནས་བཟུང་།ཁོང་གི་སུན་སྣང་མེད་པའི་བཀའ་སློབ་དང་ཁ་ཞེ་གཉིས་མེད་ཀྱི་བསམ་སྤྱོད་བཅས་ལས་ཁམས་པའི་བུ་རྒོད་ཅིག་གི་་མི་ཚེའི་རིན་ཐང་དང་རིག་གནས་ཀྱི་ལྟ་བ།མི་སྒེར་གྱི་རང་གཤིས་བཅས་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་གསལ་ལྷང་ངེར་བཀྲ་བས་སྐབས་འདི་རུ་གྲོགས་པོ་རྣམས་ལ་ཁོང་གི་གོམ་པ་རེ་ལ་ཤུལ་རྗེས་རེ་གསལ་བའི་བགྲོད་ཟིན་པའི་འགྲོ་ལམ་དང་།ཞབས་ཟུང་གསེར་གྱི་འཁོར་ལོའི་རི་མོ་འགོད་བཞིན་པའི་ད་ལྟའི་བགྲོད་ལམ།སྙིང་གི་ཐིག་ལེར་སྒོམ་པའི་འབྱུང་འགྱུར་གྱི་ཐར་ལམ་བཅས་ཀྱི་སྐོར་ལ་ཁ་བརྡ་དང་གླེང་མོལ་བྱེད་པ་ནི་གཅིག་ནི་ལམ་གྱི་སུམ་མདོར་ལྷག་པའི་ན་གཞོན་རྣམས་ལ་དྲན་སྐུལ་དང་གཉིས་ནི་ཁོང་ཉིད་ཐུགས་ཀྱིས་བསྐྱངས་པའི་དྲིན་ཅན་རྣམས་ལ་སེམས་གསོ།གསུམ་ནི་རང་དང་བཅས་པའི་རྗེས་འབྲངས་པ་རྣམས་ལ་བློ་སྤོབས་ཤིག་འབྱུང་བའི་ཆེད་དུ་ལགས།

ཀ        ལྟོ་གོས་ངན་ངོན་ཙམ་ལས་མེད་ཀྱང་།
         རིག་པ་དོན་དུ་གཉེར་བ་སྙིང་པོས་ཕྱུག

      དཀོན་མཆོག་རྡོ་རྗེ་ནི་སྤྱི་ལོ1966ལོར་ཁམས་སྡེ་དགེ་འཁོར་ལོ་མདོ་ལ་སྐུ་དྲིན་གཞལ་ཐབས་བྲལ་བའི་ཡབ་ཡུམ་གཉིས་ལས་སྐྱེས།སྐབས་དེ་དུས་ཕ་ཡུལ་ལུང་པ་དོག་པ་དེ་རུ་རིག་གནས་ཀྱི་དཔྱིད་རླུང་རྔུབ་མཁན་ཉུང་ཡང་ཡབ་ཡུམ་གཉིས་ཀྱིས་བུ་ཕྲུག་མི་ཡི་གྲལ་དུ་སླེབས་པའི་ཆེད་དུ་སློབ་གྲྭར་མངགས།སློབ་ཆུང་དུ་ལོ་བཞི་ཙམ་སྦྱངས་རྗེས་བྱ་བའི་འགྲོ་ལྡོག་ལ་མཁྱེན་དཔྱོད་ཡངས་པའི་ཨ་ཞང་དྲིན་ཆེན་པོས་སྤྲིན་དཀར་པོ་ཚད་དུ་བཙུགས།ས་ནག་པོ་འདོམ་ལ་འཇལ་ཏེ་སྡེ་དགེ་རྫོགས་ཆེན་སློབ་གྲྭར་བསྐྱལ།སྐབས་དེ་དུས་ཁོང་གི་སྣང་ངོར་རྫོགས་ཆེན་ཞེས་པ་ནི་ཨ་མྱེས་ཀྱིས་བཤད་པའི་ལྷ་སྒྲུང་ནང་གི་ལྷ་ཡི་ཞིང་ཁམས་ལྟ་བུར་བཟའ་རྒྱུ་རི་བོ་བཞིན་སྤུངས་ཡོད་ལ་འཐུང་རྒྱུ་རྒྱ་མཚོ་བཞིན་འཁྱིལ།   འགྲོ་ལམ་རྒྱ་ཆེ་ལ་སྡོད་ཤག་ཁོད་ཡངས་པའི་གནས་མཆོག་ཅིག་གི་སྣང་བ་ཤར་མོད།  གནས་དེ་རུ་འབྱོར་དུས་རི་བོ་ནི་ཁ་བས་གཡོགས།ཆུ་བོ་ནི་འཁྱགས་རོམ་གྱི་སྦུབས་སུ་ཚུད།  སྐྱ་ཐལ་ཐལ་གྱི་འགྲོ་ལམ་དུ་ཁྱི་ལྡོམ་རེ་གཉིས་ཙམ་ལས་ཡིད་ངོར་ཉར་བའི་མཐོ་ཞིང་བརྗིད་པའི་ཁང་པ་དང་འདུ་འཛིས་ཁེངས་པའི་གྲོང་པའི་རྣམ་པ་ཅི་ཡང་མཐོང་རྒྱུ་མེད་པས་ཡུལ་མི་དང་བྲལ་བའི་སེམས་པ་སྐྱུར་སིལ་སིལ་གྱིས་ཟིན་ལ་ལང་ཚོ་ད་རུང་སྨིན་མེད་པའི་ལུས་པོ་ཆུང་ཆུང་དེ་རླུང་ཁའི་དར་ལྕོག་བཞིན་འདར་སིག་སིག་བྱེད་དགོས་མོད།བོད་མིའི་སེམས་སུ་མི་མངོན་ལྐོག་ཏུ་སྦས་ཡོད་པའི་དཔའ་ངར་སྙིང་སྟོབས་ཤིག་གིས་གངས་ཁ་བ་རྩམ་པའི་ཚུལ་དུ་འགམ་དགོས་རུང་།ཆུ་འཁྱག་མོ་འོ་ཇའི་དོད་དུ་འཐུང་དགོས་ཀྱང་།རྡོ་རྗེའི་སྤུན་གྲོགས་རྣམས་དང་མཉམ་དུ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་པད་བསྟེན་འགོ་ཚུགས།      སྐབས་དེ་དུས་རྫོགས་ཆེན་བོད་ཡིག་སློབ་གྲྭ་ནི་བཙུགས་མ་ཐག་ཡིན་པས་ཆ་རྐྱེན་ཧ་ཅང་ཞན།སློབ་ཁང་དང་སྡོད་ཁང་ནི་སྦྲ་གུར་ཐབས་ཆག་ཙམ་ལས་མེད།དགེ་རྒན་ནི་སྤྱི་ཚོགས་ནས་གདན་འདྲེན་ཞུས་པ་ཁོ་ན་ཡིན་མོད།ཚང་མ་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཅན་ཡིན་པས་སློབ་བུ་རྣམས་ནི་ལག་མཐིལ་གྱི་ནོར་བུ་དང་དཔྲལ་ཐོག་གི་མིག་ལྟར་དུ་གཅེས།  དུས་དེ་ནས་བཟུང་མཐོ་སྒང་གི་གྲུ་ཟུར་ཞིག་ཏུ་གངས་ཅན་གྱི་ཚ་གདུང་སྐྱོབ་པའི་ལྗོན་ཤིང་ཞིག་གི་མྱུ་གུ་ཞིག་འབུས་བཞིན་ཡོད་པ་འཛམ་གླིང་ལ་བྱ་ར་གནང་བཞིན་པའི་ཉི་མ་དང་མཐོ་སྒང་ལ་མེལ་ཚེ་མཛད་བཞིན་པའི་ཟླ་བ་ཡིས་མཐོང་ཚོད་རེད།དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐུགས་དགོངས་སུ་ཉར་བ་ནི་མི་རིགས་ཀྱི་བདེ་སྡུག་དང་རིག་པའི་ལས་སྐལ་ཁོ་ན་ལས་སྒེར་གྱི་དབང་ཐང་རྒྱུ་ནོར་ཅི་ཡང་མེད་པས་ཆར་ཆུའི་ཐིགས་པས་འཇིག་ཉེན་ཆེ་བའི་གཟིམ་ཤག་ནི་བརྗིད་རྔམ་ལྷང་ངེར་འབར་བའི་ཕོ་བྲང་ཡིན་ལ་རི་བོང་ལྟར་དུ་ཙོག་པུར་ལས་བཞུགས་ཐབས་མེད་པའི་བཞུགས་ཁྲི་ནི་གསེར་མདངས་ཆེམ་ཆེམ་འཁྱུག་པའི་འཆད་སྟེགས་ཡིན།སློབ་བུ་རྣམས་ཀྱིས་སེམས་ཁོང་དུ་བསྒོམ་རྒྱུ་ནི་གཏན་འདུན་གྱི་ཕུགས་རེ་དང་རིག་གནས་ཀྱི་དད་པ་ལས་ཟང་ཟིང་དང་འཕྲལ་འཕྲུལ་ཅི་ཡང་མེད་པས་ཁ་ཆར་གྲང་རླུང་གིས་ཟད་པའི་མེས་པོ་ནས་བརྒྱུད་པའི་སྦྲ་གུར་ཧྲལ་ཧྲུལ་དེ་ནི་འབྱུང་འགྱུར་གྱི་རྨི་ལམ་རྨིས་ཆོག་པའི་ངལ་གསོ་བའི་བསྟི་གནས་ཡིན་ལ་རབ་དཀར་ཁ་བའི་མེ་ཏོག་གི་སྙིང་བཅུད་ནི་ལང་ཚོ་དར་བའི་བདུད་རྩི་ཡིན།དཀོན་མཆོག་རྡོ་རྗེ་ཁོང་ལ་མཚོན་ན་དེ་སྔོན་བོད་ཡིག་སྦྱོང་བའི་སྐལ་བ་མ་སྨིན་པས་རྨང་གཞི་ཅི་ཡང་མེད་པར་ཡོད་ཚད་ཀ་ཁའི་སྦྱོར་ཀློག་ནས་འགོ་འཛུགས་དགོས།ཕྱི་ཡི་ལྟོ་གོས་ཐབས་ཆག་ཙམ་ལས་མེད་ཅིང་ནང་གི་སློབ་སྦྱོང་གི་རྨང་གཞི་ཞན་པས་ཅི་བྱ་གཏོལ་མེད་ལྟར་དུ་གྱུར་ཡང་ཁོང་ནི་ཨ་མའི་བུ་རུས་པ་ཅན་ཞིག་ལགས་པས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སུམ་རྟགས་དག་གསུམ་གྱི་རྩ་ཚིག་དང་བཅས་པ་བློ་ལ་བཟུང་ནས་རིག་པ་དོན་དུ་གཉེར་བའི་ལམ་ལ་སྐྱོད་འགོ་ཚུགས།ཁོང་གིས་གསུངས་པ་ལྟར་ན་སྐབས་དེ་དུས་སློབ་མ་རྣམས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་ལོ་ན་ཆེ་ཆུང་གི་ཐད་ལ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཆེན་པོ་ཡོད་ལ་ཁོང་ནི་གང་གི་ཐོག་ནས་བཤད་ནའང་ཐ་མའི་གྲས་སུ་ཚུད།ཡིན་ན་ཡང་འགྲངས་པ་གཉིད་ཁུག་ཀྱང་།ལྟོགས་པ་གཉིད་མི་ཁུག་ཅེས་པ་ལྟར་ཉིན་ལྟར་སྔ་མོ་ཆུ་ཚོད་ལྔ་ཙམ་ནས་ཉལ་ས་ནས་ལངས་ཏེ་དཔེ་ཆ་ལྟ་ཀློག་བྱས་པས་མ་ཚད་སྒྱེད་བུ་ཐབ་ཀའི་ཐོག་ལ་ཟ་མ་གཡོ་སྐོལ་བྱས་ཏེ་གྲོགས་པོ་རྣམས་དང་འགྲོགས་བདེ་འདྲིས་མཁས་བྱས།ཁོང་གིས་གང་བསླབ་པར་བྱ་བའི་གནས་ལ་ཐོས་བསམ་ནན་པོ་བྱས་པ་སློབ་དཔོན་རྣམས་ཀྱིས་མཁྱེན་རྗེས་སྣོད་དུ་རུང་བའི་སློབ་བུར་བསྒོམས་ཏེ་སྔར་ལས་ཀྱང་སྙིང་རྗེ་རྗེ་དང་ཐུགས་བརྩེ་བརྩེ་ཡིས་རྗེས་སུ་ཁྲིད་དེ་ཟུར་ཁྲིད་གནང་བས་སྦྱངས་འབྲས་དང་བསམ་སྤྱོད་གང་ཅིའི་ཐད་ལ་ཡར་ངོའི་ཟླ་ལྟར་རིམ་བཞིན་ཇེ་རྒྱས་སུ་ཕྱིན།ད་ལྟར་ཕྱིར་དྲན་ཞིག་བྱས་ན་སྐབས་དེ་དུས་དགོང་མོར་ཉལ་ས་ནི་ཁ་ཆར་རླུང་གསུམ་ཡང་འགོག་མི་ཐུབ་པའི་སྦྲ་གུར་ལྷན་པ་ཅན་ཡིན་ལ་ཉིན་མོར་སློབ་ཁྲིད་ཉན་ས་ཡང་རླུང་ཁ་ན་ལྷན་ལྷན་དུ་འདར་བའི་སྦྲ་གུར་རྙིང་ཧྲུལ་ཡིན་པས་དགུན་གཞུང་རིང་མོར་ལྷབ་ལྷུབ་ཀྱི་ཁ་བའི་ཁྲོད་དུ་དཀྱིལ་ཀྲུང་བཅས་ཏེ་རིག་པ་བསྒྲིམས་དགོས།ལོ་གཅིག་གི་རིང་ལ་སྔོ་ཚལ་ཐེངས་རེ་གཉིས་ཙམ་ལས་ཟ་མི་ཐུབ་ལ་གློག་ཀྱང་མེད་པས་མག་མོག་གི་ས་སྣུམ་སྒྲོན་མེ་ལ་བརྟེན་ནས་དཔེ་ཀློག་དང་འགྲོ་འདུག་བྱེད་དགོས་ཀྱང་འཁྱག་གྲང་གི་མདུན་ལ་རྐང་ལག་བག་འཁུམ་མ་མྱོང་ལ་ལྟོགས་སྐོམ་གྱི་སྔོན་ལ་སེམས་པ་སྒྱིད་ལུག་གིས་ཁྱེར་མ་མྱོང་ཟེར།ལོས་བདེན།ལྕགས་ཀྱི་ཕུར་བ་བྲག་ལ་བརྡབས་པ་ལྟ་བུའི་སྡུག་རུས་ཅན་གྱི་བུ་རེ་བ་ཅན་ལ་སློབ་དཔོན་རྣམ་པས་སེང་གེའི་འོ་མ་ལས་ལྷག་པའི་ཤེས་རིག་གི་བདུད་རྩི་ཁ་རུ་ལྡུག་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ག་ལ་ཡོད།སློབ་གྲོགས་རྣམས་ཀྱི་ཆུ་དང་འོ་མ་ལྟ་བུའི་དུངས་ཞེན་གྱིས་གཅིག་ཕན་གཅིག་གྲོགས་བྱས་པས་ཁེར་རྐྱང་གི་སྡུག་བསྔལ་ག་ན་ཚོར།རང་ཉིད་ཀྱི་མེ་ལྕེ་ལྟར་འབར་བའི་ཕུགས་རེ་ཡིས་ལུས་སེམས་བསྲོས་པས་རྐང་ལག་ཀྱང་ཁེངས་ག་ལ་སྲིད།དེ་ལྟར་ལོ་ངོ་བཞིའི་རིང་ལ་ཧྲལ་ཧྲུལ་གྱི་སྦྲ་གུར་དང་མག་མོག་གི་སྒྲོན་མེ།ངན་ངོན་གྱི་ལྟོ་གོས་ལ་བརྟེན་ནས་རྡོ་ཕ་བོང་རེ་རེའི་སྟེང་ལ་བརྩོན་འགྲུས་ཀྱི་རི་མོ་བཀོད།ཆུ་གཙང་ཆུ་རེ་རེའི་འགྲམ་ལ་སློབ་དཔོན་གྱི་གདམས་ངག་བཞེས་མཐར་སྤྱོད་ཡོན་གཉིས་ཀའི་ཐོག་ནས་དབུ་འཕང་དགུང་ལ་འདེགས་ཆོག་པའི་ཕུལ་བྱུང་སློབ་མ་ཞིག་ཏུ་ཆགས།ཁོང་གིས་ང་ཚོ་ལ་རྫོགས་ཆེན་བོད་ཡིག་སློབ་གྲྭའི་ཐོག་མའི་དཀའ་ངལ་དང་སློབ་དཔོན་རྣམ་པ་དྲིན་ཆེན་པོ་ཡིན་ལུགས།སློབ་མ་ཚང་མ་སྙིང་རུས་ཅན་ཡིན་ཚུལ་སོགས་འཆད་ཐེངས་རེ་ལ་ཞལ་ངོར་ང་རྒྱལ་དང་ཡིད་ཚིམ་པའི་འཛུམ་མདངས་ཤར་བ་ལས་ཁོང་གིས་མ་ཡུམ་སློབ་གྲྭ་ལ་བཅངས་པའི་དུངས་སེམས་ཟབ་མོ་དེ་ངང་ངམ་ཤུགས་ཀྱིས་གོ་ཐུབ།དོན་དུའང་དེ་ལྟར་ལགས་ཏེ།ད་ལོ་ནི་ཁོང་རྣམ་པའི་མ་ཡུམ་སློབ་གྲྭ་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་དུས་སྟོན་དང་འཁེལ།ཁོང་གིས་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ད་ལོའི《ཁམས་པའི་འཛུམ་རིས།》སྟོན་དེབ་དེ་མ་ཡུམ་སློབ་གྲྭའི་ཆེད་སྒྲིག་ཏུ་བསྒྲིགས།  ཆེད་སྒྲིག་ཏུ་བསྒྲིག་རྒྱུའི་བསམ་བློ་འཁོར་མ་ཐག་ཏུ་ཕྱོགས་བཞི་ནས་འབྲེལ་བ་བྱས་ཏེ་ཕྱི་ཡི་རྣམ་པ་དང་ནང་གི་བརྗོད་བྱ་ཚང་མ་ལ་ཡང་ནས་བསྐྱར་དུ་བསམ་གཞིགས་མཛད་པས་མ་ཚད་སྐུ་དངོས་ཀྱིས་ཉིན་མཚན་མཐུད་ནས་པར་ངོས་བསྒྲིགས་ཤིང་ཞུས་དག་བཏང་།    ཁོང་གིས་ཆེད་སྒྲིག་དེ་ལ་དེ་འདྲའི་ཐུགས་སྣང་མཛད་པ་ནི་མ་ཡུམ་སློབ་གྲྭའི་བཀའ་དྲིན་རྗེས་སུ་དྲན་པ་དང་སླར་ཡང་མ་ཡུམ་སློབ་གྲྭ་མཇལ་དུས་ལག་པ་སྟོང་པ་མི་ལུས་པའི་ཆེད་དུ་རེད།ཆུ་ཐིགས་པ་ཙམ་གྱི་དྲིན་ལའང་ལན་དུ་རྒྱ་མཚོ་ལྟ་བུ་འཇལ་ཨེ་ཐུབ་ལྟ་མཁན་ཁོང་གི་བྱ་སྤྱོད་དག་མཐོང་དུས་མ་ཡུམ་སློབ་གྲྭ་ཡོད་ལ་བཀའ་དྲིན་ཅན་གྱི་སློབ་དཔོན་ཡང་ལྡན་པའི་ང་རང་ནིདངོས་གནས་ངོ་ཚ་ཁ་སྐྱེངས་བའི་གནས་སུ་ལྷུང་སོང་།

ཁ        བསྐོས་པའི་ལས་ལ་གཟུར་ས་མེད་ན།
     མི་ཚེའི་ལས་དབང་རང་གིས་ཁ་ལོ་བསྒྱུར།

       དཀོན་མཆོག་རྡོ་རྗེ་ལ་མཚོན་ན་སྤྱི་ལོ1986ནི་རྒོད་ཕྲུག་དམར་ཡག་བྲག་ཐེམ་ལས་འཕུར་ཏེ་ནམ་མཁར་གཤོག་འགྱུར་རྩེན་པའི་དུས་ཤིག་ཡིན།ན་ཆུང་དུས་ནས་ཕ་ཡུལ་ལ་ཤ་གསེང་རུས་གསེང་ནས་དགའ་ཞེན་ཆེ་བ་དང་ཕ་མའི་བསམ་བློའི་ཤུགས་རྐྱེན་དང་ལོ་བཞིའི་རིང་ལ་སློབ་དཔོན་རྣམས་ཀྱིས་ཕ་ཡུལ་གྱི་བདེ་སྡུག་གླེང་སྟེ་སྐྱ་ཆད་སྔོ་སྡུག་གི་རྣམ་པ་བསྒྱུར་བའི་རེ་བ་ནན་གྱིས་བཅངས་པས་ཁོང་ཡང་ཕ་ཡུལ་དུ་ལོག་སྟེ་དོན་སྙིང་ལྡན་པའི་བྱ་བ་གང་ཞིག་བསྒྲུབ་འདོད་སྐྱེས་པ་ན་ཁྲི་འདུ་དང་པེ་ཅིང་སོགས་ཆ་རྐྱེན་བཟང་བའི་ལས་ཁུངས་རྣམས་ཀྱི་རེ་འདུན་ལའང་ཅི་མི་སྙམ་པར་ཕ་ཡུལ་དུ་ལོག་རྒྱུའི་དམ་བཅའ་བཞགཡིན་ན་ཡང་།   སྐབས་འགར་འཇིག་རྟེན་གྱི་བྱ་དངོས་ཚང་མ་སྔ་ནས་བཀོད་སྒྲིག་བྱས་ཟིན་པ་ལྟར་དུ་སྣང་བས་སློབ་གྲྭས་ཁོ་རང་བཙན་ཐབས་ཀྱིས་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་ལས་བགོས་བྱས།ལོ་དེ་ལ་ཁོ་རང་ཏག་ཏག་ཕོ་ལོ་ཉི་ཤུ་ལ་སོན་ཞིང་ཤ་དར་ཁྲག་དར་གྱི་སྐབས་དང་འཁེལ།དཔེ་ཆ་བརྫངས་པའི་ཁུག་མ་གཉིས་གསུམ་ལས་ཅི་ཡང་མེད་པར་ཁེར་རྐྱང་གིས་ཇ་དར་རྩེ་མདོ་རུ་ལྷགས།རེད་དེ།གྲ་སྒྲིག་ཡོད་པའི་བསམ་བློ་ཅན་གྱི་ན་གཞོན་ཞིག་ཡིན་ན།  བཟའ་ཆོག་ཆོག་དང་འཐུང་ཆོག་ཆོག་གི་ལོངས་སྤྱོད་མང་པོ་ཞིག་ཁུར་ག་ན་དགོས་ཏེ།  སྤྱད་ན་གོ་ཆོད་པའི་ནོར་བུ་ཞིག་རུམ་དུ་བརྫངས་ནས་ཡོད་ལ་ལུས་སེམས་གཉིས་ལ་ཕན་པའི་བསམ་པའི་རྒྱགས་ཕྱེ་གང་མང་ཞིག་གསོག་འཇོག་བྱས་ཡོད་པ་མ་ཡིན་ནམ།དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་འབྱོར་རྗེས།དང་ཐོག་བོད་ཡིག་ཚགས་པར་གྱི་ཞུ་དག་པའི་ལས་ཀ་གཉེར།གསར་འགྱུར་ལས་རིགས་ནི་ཆེད་ལས་ཀྱི་རང་བཞིན་ལྡན་པའི་ལས་རིགས་ཤིག་ཡིན་པས་ལས་སྒོ་རུ་འཛུལ་མ་ཐག་པའི་ཐོག་མ་བ་ཞིག་ལ་དཀའ་གནད་མང་པོ་ཞིག་འཕྲད་དེ་སྐབས་འགར་ཅི་བྱ་གཏོལ་མེད་དུ་གྱུར་མོད་རྩ་བ་ཟབ་ན་རྩེ་མོ་མཐོ་ཞེས་པ་ལྟར་བོད་རྒྱ་ཡིག་རིགས་གཉིས་ལ་རྨང་གཞི་བརྟན་པོ་བཞག་ཡོད་པའི་ཁར་བརྩོན་པ་ཆུ་བོའི་རྒྱུན་གྱིས་གཞན་གྱིས་བྲིས་པའི་གསར་འགྱུར་བརྩམས་ཆོས་ལ་ལད་མོ་དང་གསར་འགྱུར་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་།དབུ་ཁྲིད་དང་ལས་གྲོགས་རྣམས་དགེ་རྒན་དུ་བསྟེན་པའི་འབྲས་བུར་ཡུན་མི་རིང་བར་གསར་འགོད་པའི་ཆོ་ལོ་ཐོབ་སྟེ་བོད་རྒྱ་ཡིག་རིགས་གཉིས་ནས་བྲིས་པའི་གསར་འགྱུར་ཐུང་གྲས་དག་ཚགས་པར་སྟེང་དུ་བཀོད་ཐུབ་པ་བྱུང་བས་རྒྱ་མཚོ་ནས་ནོར་བུ་རྙེད་པ་ལྟར་དགའ་སྤྲོ་ཚད་མེད་སྐྱེས།དེ་དུས་དཀར་མཛེས་རྒྱ་ཡིག་ཚགས་པར་རྩོམ་སྒྲིག་ཁང་ལ་པར་རྒྱག་མཁན་གཉིས་གསུམ་ཙམ་ལས་མེད།དེ་ཚོས་བརྒྱབ་པའི་པར་དང་འགྲོ་ལུགས་འདུག་སྟངས་བཅས་ལ་ཡིད་སྨོན་ཤོར་ཏེ་ཁོང་ཡང་པར་འདེབས་རྒྱུར་ལ་ཤ་གསེང་རུས་གཏིང་ནས་དགའ་ཞེན་ཆེ་མོད།གཅིག་ནི་པར་ཆས་མེད་ལ་གཉིས་ནི་ཀླད་པའི་ནང་ལ་པར་ལེན་རྒྱུའི་སྐོར་གྱི་ཤེས་བྱ་ཕྲན་བུ་ཙམ་ཡང་མེད།རེད་དེ།ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཞེས་པ་ལྟར་གཞན་གྱིས་གད་སྙིགས་སུ་མཐོང་བའི་པར་ཆས་རྙིང་པ་དག་ཁོང་གིས་ནོར་བུ་ཞིག་ལ་བརྩིས་ཏེ་དུས་ནམ་ཡང་ལུས་དང་བྲལ་མ་བྲ་བར་གཞན་ལས་ལྐོག་ལྟ་དང་ལྐོག་སྦྱངས་བྱས།ཁོང་གིས་སྐབས་དེ་དུས་པར་ཆས་རྙིང་པ་རྣམས་བསྡུ་རུབ་བྱས་ནས་རང་ཉིད་ཀྱིས་བཟོ་བཅོས་བྱས་པ་དང་ཉིན་མཚན་མེད་པར་ཁང་མིག་ཆུང་ངུ་ཞིག་ཏུ་པར་འཁྲུད་སྟངས་ལ་ཚོད་ལྟ་བྱས་པའི་ལོ་རྒྱུས་ནི་ངོ་མ་དགའ་སྐྱོ་ཟུང་དུ་འབྲེལ་བ་ཞིག་རེད།གཟར་མོའི་བྲག་ལ་མ་འཛེགས་ན།བདེ་མོའི་སྤང་ལ་སླེབས་མི་ཐུབ་ཅེས་པ་ལྟར་ཁོང་གིས་བརྒྱབ་པའི་མཐོ་སྒང་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་འགྱུར་ལྡོགརི་ཀླུང་ཆུ་གསུམ་མཚོན་པའི་པར་རིས་བརྩམས་ཆོས5000ཙམ《རྒྱལ་ཁབ་ཀྱི་ས་ཁམས།》དང《ཀྲུང་གོའི་བརྙན་པར།》《མི་རིགས་བརྙན་པར།》《མི་དམངས་ཉིན་རེའི་ཚགས་པར།》《ཀྲུང་གོའི་བོད་ལྗོངས།》《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》《སྦྲང་ཆར།》《ཟླ་ཟེར།》《སི་ཁྲོན་ཉིན་རེའི་ཚགས་པར།》《མི་རིགས།སོགས་ཚགས་པར་དང་དུས་དེབ་སྣ་ཁ་60ལྷག་ཙམ་ཐོག་སྔོན་རྗེས་སུ་་བཀོད་པས་ཚང་མས་ཡང་ནས་ཡང་དུ་བསྟོད་བསྔགས་བྱས།འཚོལ་རྟོག་གི་བརྒྱུད་རིམ་ནི་དངོས་གནས་མངར་སྐྱུར་ཁ་གསུམ་ལྡན་པའི་འཚོ་བ་ཞིག་ཡིན་ཡང་ཁོང་རང་དཔའ་མ་ཞུམ།ཡིད་མ་ཆད་པར་རྒྱུན་འཁྱོངས་གནང་བས་དཀར་མཛེས་ཚགས་པར་ཁང་དུ་ཞུ་དག་པ་དང་གསར་འགོད་པ་བྱས་ནས་ལོ་ངོ་ལྔ་ཡི་རྗེས་སུ་སྤྱི་ལོ1991ལོར་ཁམས་པའི་བོད་ཡིག་ཚགས་པར་གྱི་པར་ངོས་གསུམ་པའི་རྩོམ་སྒྲིག་འགན་ཁུར་བའི་ལས་འགན་བཞེས།  གསར་གཏོད་ནི་མི་རིགས་ཤིག་འཇིག་རྟེན་དུ་གནས་པའི་བླ་སྲོག་ཡིན་ལ་གསར་གཏོད་མེད་པའི་ལས་དོན་ནི་བྲོ་བ་མེད་ལ་ཡིད་སེམས་ཀྱང་མགུ་མི་ཐུབ་པའི་གནས་ལུགས་དེ་ཁོང་གིས་མཁྱེན་ཐག་ཆོད་རེད།ལོ་རབས་དགུ་བཅུ་ནི་བོད་ཆོལ་ཁ་གསུམ་དུ་རྩོམ་རིག་གི་རྦ་རླབས་མཁར་རུ་འཕྱུར་ལ་གསར་རྩོམ་གྱི་མྱུ་གུ་འབུས་པའི་དུས་ཚོད་ལ་སླེབས་པས་ཁམས་ཁུལ་ཡང་དེ་ལས་མ་འདས་མོད།ཁམས་པའི་ས་ཆ་རུ་ན་གཞོན་རྩོམ་པ་པོ་ཉུང་བ་དང་གསར་རྩོམ་གྱི་གནས་ཚུལ་ཡང་ཡང་དག་པའི་ཕྱོགས་སུ་བསྐྱོད་ཐུབ་གིན་མེད།སྐབས་དེ་དུས་ན་གཞོན་རྩོམ་དགའ་བ་ཚང་མས་ཚིགས་བཅད་སྙན་ངག་དང་ཀ་རྩོམ་ཁོ་ན་ལས་དེ་མིན་གྱི་རྩོམ་ལུས་ལ་ཕལ་ཆེར་ལ་དོགས་སྣང་བྱེད་གིན་མེད།སྐྱེས་ཕོ་རབ་ཅིག་ལ་བློ་ཞིག་དང་རྟ་བྱང་མ་ཞིག་ལ་རྒྱུག་ཅིག་ཅེས་པ་ནང་བཞིན་ཁོང་གིས་བསམ་རྒྱ་ཆེན་པོ་དང་འདུ་ཤེས་གསར་པ་ཡིས་བོད་ཡིག་ཚགས་པར་གྱི་པར་ངོས་གསུམ་པར་ཉི་གཞོན་དང་འཇའ་ཚོན་སྣ་ལྔ་ཞེས་པའི་ལེ་ཚན་གཉིས་གསར་དུ་བསྣན་པ་མ་ཟད་རང་དཔེ་གཞན་སྟོན་གྱིས་ལྷུག་རྩོམ་དང་རང་མོས་སྙན་རྩོམ།བརྩམས་སྒྲུང་སོགས་གསར་རྩོམ་གནང་སྟེ་ཁམས་པའི་བོད་ཡིག་ཚགས་པར་གཙོ་བོར་བྱས་པའི་བོད་ཁུལ་གྱི་ཚགས་པར་དང་དུས་དེབ་ཏུ་བཀོད་པས་ཁམས་པའི་ན་གཞོན་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས་ཏེ་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་ཞིག་ཀྱང་ཆགས་ཡོད།  དྲང་མོར་བཤད་ན་དེང་སང་ཁམས་ཁུལ་དུ་ད་དུང་ཡང་རྩོམ་རིག་གི་ལས་ལ་དགའ་ཞེན་ལྷོད་མེད་པའི་གྲོགས་པོ་རྣམས་ལ་ཉི་གཞོན་ལེ་ཚན་དང་ཁོང་གི་ཤུགས་རྐྱེན་ཐེབས་པ་མ་ཡིན་ཞེས་སུས་བརྗོད་ཕོད།ཁོང་གིས་གསར་རྩོམ་གནང་བའི་བརྩམས་ཆོས་ཉིས་སྟོང་ལྷག་ཙམ་ནང་ལས་ལྷུག་རྩོམ《འཇོ་སྒེག་ལྡན་པའི་དཔྱིད་དཔལ།》ལ་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་དེང་རབས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་པ་ཞེས་པའི་བྱ་དགའ་ཐོབ།ལྷུག་རྩོམ《ཕ་ཡུལ་གྱི་འཕོ་འགྱུར།》ལ་སྐབས་དང་པོའི་མཐུན་སྒྲིལ་བུམ་པ་ཞེས་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འགྲན་བསྡུར་ནང་བྱ་དགའ་ཨང་གཉིས་པ་ཐོབ།ལྷུག་རྩོམ《ཧི་མ་ལ་ཡའི་གསང་གཏམ།》ལ་སྐབས་དང་པོའི་སི་ཁྲོན་གྲངས་ཉུང་མི་རིགས་ཕུལ་བྱུང་གི་རྩོམ་རིག་བྱ་དགའ་ཐོབ།  བརྩམས་སྒྲུང་《སྟབས་མ་ལེགས་པའི་བྱ་བ་ཞིག》ལ་སྐབས་གཉིས་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཕུལ་བྱུང་གི་རྩོམ་རིག་བྱ་དགའ་ཐོབ།  2001ལོར་དཀར་མཛེས་ཁུལ་དབུ་བརྙེས་ནས་ལོ་50འཁོར་བའི་ལེགས་སྐྱེས་སུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི་ལྷུག་རྩོམ་ཕྱོགས་སྒྲིག་《མཐོ་སྒང་དུ་འཁོར་བའི་སེམས་པ།》ཞེས་པ་དཔར་དུ་བསྐྲུན།ལྷུག་རྩོམ་ཕྱོགས་བསྒྲིགས་དེ་ལ་སྐབས་གསུམ་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཕུལ་བྱུང་གི་རྩོམ་རིག་བྱ་དགའ་ཐོབ།ལག་པ་ལ་ཤ་ཡོད་ན་ནམ་མཁའི་བྱ་ཡང་འཁོར་ཞེས་པ་ལྟར་ཤེས་བྱ་རིག་གནས་ཀྱི་ཆུ་ཚད་མཐོ་ལ་ལས་དོན་དངོས་ལ་ལག་ལེན་མཁས་ཤིང་མིག་རྒྱང་རིང་བ་དང་སྤྱི་སེམས་ཆེ་བ་བཅས་ཡོན་ཏན་དང་འཇོན་ཐང་སྣ་ཚོགས་ཁོང་ལ་འཛོམས་ཡོད་པས2002ལོ་ནས་དཀར་མཛེས་ཚགས་པར་ཁང་གི་དབུ་ཁྲིད་གཞོན་པའི་འགན་བཞེས་ཏེ་གཙོ་བོར་བོད་ཡིག་རྩོམ་སྒྲིག་ཁང་ལ་དོ་དམ་བྱས།དེ་ནས་བཟུང་ཁོང་ནི་བོད་ཡིག་རྩོམ་སྒྲིག་ཁང་གི་མདུན་སྟེན་གྱི་འཁར་བ་དང་རྒྱབ་སྟེན་གྱི་བྲག་རི་ལྟ་བུར་གྱུར།ཁོང་ནི་སྲོལ་རྒྱུན་རྒྱུན་འཛིན་ལ་ཐུགས་སྤྲོ་ཞིང་གསར་གཏོད་དང་བཅོས་སྒྱུར་ལ་དེ་བས་མོས་པ་ཆེ་བས་རྩོམ་སྒྲིག་པ་རྣམས་དང་བློ་མཐུན་སེམས་མཐུན་གྱིས་ཚགས་པར་གྱི་ནང་དོན་དང་པར་རིས།པར་ངོས་མཛེས་འགོད་སོགས་ལ་བསྒྱུར་བཅོས་ཆེན་པོ་གནང་ནས་པར་ངོས་སོ་སོའི་ཁྱད་ཆོས་གཏན་ཁེལ་བྱས་པ་དང་ལེ་ཚན་གསར་པ80ལྷག་གསར་སྣོན་བྱས་ལ་ཡིག་བསྒྱུར་ཁོ་ན་ལ་མི་བརྟེན་པར་རང་རྩོམ་རང་སྒྲིག་གི་ལམ་བུ་གསར་པར་བསྐྱོད་དེ་ཀློག་པ་པོ་རྣམས་ཀྱི་སེམས་འགུག་ལ་ལྟ་འདོད་པར་བྱས་པས་ཁམས་པའི་བོད་ཡིག་ཚགས་པར་ལ་སླར་ཡང་དཔྱིད་ཀྱི་དཔལ་ཡོན་ཤར་ཏེ་མཛེས་པའི་མེ་ཏོག་སྣ་ཚོགས་ལྷུག་གེར་བཞད།སྤྱི་དོན་བསྒྲུབས་ན་རང་དོན་ཞར་དང་ཞོར་ལ་འགྲུབ་ཅེས་པ་ལྟར་ལོ་དུ་མའི་རིང་ལ་ཁོང་རང་ཆེས་དགའ་བ་ནི་གཞི་རིམ་དུ་སོང་ནས་དམངས་ཁྲོད་ཀྱི་རིག་གནས་དག་འཚོལ་སྡུད་དང་འབངས་མི་སེར་གྱི་འཚོ་བའི་བདེ་སྡུག་ཡིག་རིས་སུ་འགོད་རྒྱུ་དེ་ཡིན།ཡུལ་གང་དུ་སོང་ནའང་དུས་ནམ་ཡང་སྨྱུ་གུ་དང་འབྲི་དེབ།པར་ཆས་བཅས་དང་ཁ་བྲལ་མ་མྱོང་ཞིང་ཁམས་བོད་མཐོ་སྒང་གི་རྣམ་པ་མཚོན་པའི་གསར་འགྱུར་རྩོམ་ཆོས་ཉིས་སྟོང་ལྷག་བྲིས་མྱོང་ཞིང་དེ་དག་ལས་གསར་འགྱུར་དང་འདྲ་པར116ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པ་ཡན་གྱི་གསར་འགྱུར་ཡག་གྲས་ཀྱི་བྱ་དགའ་ཐོབ་མྱོང་།2008ལོར་སི་ཁྲོན་ཞིང་ཆེན་གྱི་ཚགས་པར་གྱི་ཕུལ་བྱུང་རྩོམ་སྒྲིག་པ་དང་གསར་འགོད་པ་བཅུ་ནང་འདེམས།གོང་དུ་ཞུས་པ་ལྟར་གཞི་རིམ་དུ་སོང་ནས་གོ་མེད་ཚོར་མེད་ངང་དམངས་ཁྲོད་དུ་ལྷག་པའི་རིག་གནས་དག་ལ་ཞིབ་འཇུག་དང་འཚོལ་སྡུད་བྱ་རྒྱུ་ནི་ཁོ་རང་ཆེས་དགའ་བའི་བྱ་བ་ཞིག་དང་འོས་འགན་གྱི་བྱ་བ་ཞིག་དུ་བརྩི་བཞིན།ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་རོང་ཡུལ་གྱི་རིག་གནས་ལ་མཐོང་ཆེན་བྱེད་བཞིན་ཡོད།2010ལོར་ཁོང་གིས་བོད་རིགས་རིག་གནས་པ་ཁ་ཤས་ཁྲིད་ནས་སྔོན་རྗེས་སུ་ཐེངས་ཁ་ཤས་དཀར་མཛེས་ཁུལ་གྱི་རོང་བྲག་དང་དར་མདོ།ལྕགས་ཟམ་ཁ།   རྔ་བ་ཁུལ་གྱི་འབའ་ཁམས་དང་བཙན་ལྷ།ཆུ་ཆེན་སོགས་དང་།གཡག་རྔ་ས་ཁུལ་གྱི་ཐན་ཆོན་སོགས་ས་གནས་མང་པོར་སོང་ནས་རྟག་ཞིབ་འཇུག་གནང་ཞིང་།ས་གནས་རང་གི་རྒྱལ་རོང་གི་ཆེད་མཁས་པ་དང་།་དམངས་ཁྲོད་ཀྱི་རིག་གནས་པ་དང་ལོ་རྒྱུས་ཤེས་མཁན་ཚོའི་མདུན་ནས་གནས་ཚུལ་འཚོལ་སྡུད་དང་བཅར་འདྲི་ཞུས་པ་དང་།རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་བཙལ་ཞིང་།ལྷག་པར་དུ་རྒྱལ་རོང་ཡུལ་གྱི་བོན་པོའི་ལོ་རྒྱུས་མང་པོ་བཅས་ལ་ཞིབ་འཇུག་གནང་ཏེ་《ཁམས་པའི་འཛུམ་རིས།》དེབ་གཉིས་པ་དེ་རྒྱལ་རོང་རིག་གནས་ཀྱི་ཆེད་སྒྲིག་དུ་བཀོད་ནས་རྒྱལ་རོང་གི་ཕྱོགས་གང་ཐད་ཀྱི་ལོ་རྒྱུས་དང་སྲོལ་ལུགས་ཕྱོགས་གཅིག་ཏུ་ངོ་སྤྲོད་བྱས་པས་མིག་སྔར་བོད་ཁུལ་ས་གནས་སོ་སོས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།2011ལོའི5པར་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་མཁས་ཅན་ཝུན་ཡུས་ཁྲེང་དང་མཉམ་དུ་རོང་བྲག་རྫོང་དུ་ཕེབས་སྐབས་《ཇིང་གེར་རྒྱལ་པོའི་དུར་ས་དཀར་མཛེས་ཁུལ་དུ་ཡོད།》ཅེས་པའི་གསར་འགྱུར་བརྩམས་ཆོས་དེ་ཀྲུང་གོའི་གསར་འགྱུར་ཁང་གིས་སྤེལ་བས་ནུབ་གཅིག་རིང་དུ་རྒྱལ་ཕྱི་ནང་གི་ཚགས་པར་དང་དྲ་ཚུགས་100ལྷག་ཐོག་བརྒྱུད་བཀོད་བྱས་ཏེ་སྤྱི་ཚོགས་སུ་གྲག་འགུལ་ཆེན་པོ་ཞིག་བསླངས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་མཐོང་ཆེན་གནང་ནས་སོག་པོའི་ལོ་རྒྱུས་དང་ཁམས་པའི་རིག་གནས་ལོ་རྒྱུས་དང་།གནའ་ཤུལ་རྟོག་ཞིབ་ཚོ་ཆུང་ཞིག་བཙུགས་ཏེ་ཁོང་ལ་ཚོ་ཆུང་དེའི་འགན་ཁུར་དུ་བཅུགདེ་ནས་བཟུང་།གནའ་རྫས་རྟོག་ཞིབ་པ་མཁས་ཅན་ཝུན་ཡུས་ཁྲེང་དང་མཉམ་དུ་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་དང་།མཚོ་སྔོན་གྱི་ཡུལ་ཤུལ།ལྷ་སའི་ཆབ་མདོ།ཡུན་ནན་གྱི་བདེ་ཆེན་སོགས་སུ་ཕེབས་ཏེ་བོད་ཀྱི་རིག་གནས་གནའ་ཤུལ་དང་ཆོས་ལུགས་གནའ་རྫས་བཅས་ལ་རྟོག་ཞིབ་ནན་མོ་མཛད།དེའི་རིང་ལ་རོང་བྲག་རྫོང་དུ་ཡོན་རྒྱལ་རབས་དུས་ཀྱི་གནའ་རབས་ཀྱི་འཛུགས་སྐྲུན་མཚོན་པའི་ལྷ་ཁང་དང་།རྟའུ་ལ་གནའ་བོའི་རྒྱལ་པོའི་དུར་ས།སེར་ཤུལ་རྫོང་ལ་བསྟན་པ་ཕྱི་དར་སྐབས་ཀྱི་ཆེས་སྔ་ཤོས་ཀྱི་བྲག་བརྐོས་རི་མོ།སྡེ་དགེ་དང་དཔལ་ཡུལ་སོགས་རིན་ཐང་བྲལ་བའི་གླིང་གེ་སར་གྱི་གནའ་རྫས།མཚོ་སྔོན་ཡུལ་ཤུལ་དུ་བོད་བཙན་པོའི་དུས་ཀྱི་བྲག་བརྐོས་ལྷ་རིས།ཆབ་མདོའི་སྨ་ཁམས་ནས་བོད་བཙན་པོའི་དུས་ཀྱི་ཆེས་ཆེ་བའི་ཉེ་སྲས་བརྒྱད་ཀྱི་རྡོ་བརྐོས་ལྷ་སྐུ་སོགས་རྙེད་ནས་དུས་ཚོད་ངེས་བརྟན་དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་གསལ་བཤད་བྱས་ཏེ་ཁམས་པའི་ཆོས་ལུགས་རིག་་གནས་དང་དང་ལོ་རྒྱུས་གནའ་ཤུལ་ལ་ཞིབ་འཇུག་བྱ་བའི་ཁ་་བཏོན་ཡོད།དེ་ལྟར་ས་ཆ་སོ་སོ་ལ་སོང་ནས་ང་ཚོ་མཁས་མིན་ཀུན་གྱིས་བཏང་སྙོམས་སུ་བཞག་པའི་གནའ་ཤུལ་དང་བཅས་པ་ཡང་ནས་བསྐྱར་དུ་མཇལ་མཐར་ཁོང་གི་ཐུགས་དགོངས་སུ་གལ་སྲིད་དེ་དག་ལ་མགྱོགས་མྱུར་གྱིས་རྟོག་ཞིབ་དང་འཚོལ་སྡུད།ཉར་ཚགས་མ་བྱས་ན་འབྱུང་བཞིའི་ཁམས་སུ་ཐིམ་པ་ལ་ཡུན་མི་རིང་།ཁྱད་པར་དུ་གེ་སར་གྱི་སྐོར་ལ་རིག་གཞུང་གི་ཆེད་དུ་ཞིབ་འཇུག་བྱས་པ་ཙམ་ལས་དེའི་ལོ་རྒྱུས་ཀྱི་གནས་བབས་དང་རིན་ཐང་ལ་ཞིབ་འཇུག་མི་འདང་བས་མང་མང་གི་སྣང་ངོར་གེ་སར་ནི་ལྷ་སྒྲུང་གི་མི་སྣ་རུ་སྣང་།གེ་སར་ཞེས་པ་ཡང་སྙིང་བྱོན་ཡོད་མེད་ནི་དེའི་གནའ་རྫས་ཀྱི་ཐོག་ནས་བརྟག་དཔྱད་བྱས་ནས་དོན་དངོས་སུ་བྱུང་མྱོང་བའི་དཔའ་བོ་ཞིག་ཡིན་ཚུལ་ལ་ཕན་ཐོགས་ཆེན་པོ་ཡོད་སྙམ།དེ་ནས་ཁོང་གིས་རང་གི་བསམ་ཚུལ་རྣམས་གོང་གི་དབུ་ཁྲིད་ལ་ཞུས་པས་གོང་རིམ་ནས་ཀྱང་མཐོང་བྱས་ཏེ་གེ་སར་དངོས་མང་བཤམས་སྟོན་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་ཡང་བཀོད་ཅིང་ཁོང་གིས་ཀྱང་དེའི་སྐོར་གྱི་འཆར་འགོད་ལ་འབད་འབུངས་བྱེད་བཞིན་ཡོད་དོ། 

ག       རིགས་ཀྱི་དོན་དུ་ལྷག་བསམ་བཅངས་ཏེ།
        ཁམས་པའི་ཡུལ་དུ“ཁམས་གསུམ་”དོན་དུ་གཉེར།

     ཆོག་ཤེས་ཡོད་ན་རྟག་ཏུ་སྤྲོ་ཞེས་པ་ནི་རང་རེའི་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་ཡིན།ལྟོ་གོས་གཏམ་གསུམ་དང་བཅས་པའི་འདོད་ཡོན་ལོངས་སྤྱོད་ཀྱི་ཐད་ལ་ཐལ་མ་ཆེ་བར་ཆོག་ཤེས་ཡོད་ན་ལུས་སེམས་གཉིས་ཀ་སྐྱིད་པའི་རྒྱུ་རུ་གྱུར་ཤས་ཆེ་མོད།གང་གཅེས་པར་བྱ་བའི་ལས་དོན་གྱི་ཐད་ལ་ཆོག་ཤེས་གྱི་འདུ་ཤེས་བཟུང་ན་མི་སྒེར་གྱི་ངོས་ནས་ཡར་ཐོན་མེད་ལ་མི་རིགས་དང་རྒྱལ་ཁབ་ཀྱང་སྔོན་ཐོན་གྱི་གྲལ་དུ་ཚུད་དཀའ།དཀོན་མཆོག་རྡོ་རྗེ་ལ་མཚོན་ན་འཇིག་རྟེན་པ་རྣམས་ཀྱིས་ཡིད་སྨོན་ཤོར་བའི་མཚན་སྙན་མང་པོ་ཐོབ་ཡོད་ལ་མི་མང་ཚོགས་པའི་དབུས་སུ་གཞན་ལ་ངོམ་ཆོག་ཆོག་གི་འབྲས་བུའང་སྨིན་ཡོད་མོད།ཁོང་ལ་ངའོ་སྙམ་པའི་ང་རྒྱལ་གྱི་དྲི་མ་ཙམ་ཡང་མེད་ལ་སྨིན་ཟིན་པའི་འབྲས་བུས་ཡིད་ཚིམ་སླ་བ་ཞིག་ཀྱང་མིན་པར་བཀའ་དྲིན་དྲིན་དུ་ཤེས་པ་མ་ཟད་དྲིན་ལན་ཐབས་ཀྱིས་འཇལ་བའི་སྐྱེས་པ་ཕོ་ཞིག་ཡིན་སྟབས།ཡུལ་གང་དུ་སོང་ཡང་རང་ཉིད་འཚར་ལོངས་འབྱུང་སའི་ཁམས་པའི་རི་ཆུ་ལ་བཅངས་པའི་བརྩེ་དུང་ཉམས་མེད་ལ་དུས་ནམ་ཡང་ཤ་དང་རུས་པར་ཟིམ་པའི་ཁམས་པའི་རིག་གནས་ཀྱི་ཆགས་འཇིག་ལ་ཐུགས་དམ་མཛད།ཁོང་གིས་དུས་རྒྱུན་དུ་ཁམས་པ་ཞེས་པ་ནི་བརྗིད་ཆགས་ཀྱི་ས་འཛིན་ཕྲེང་བ་དང་དྭངས་གཙང་གི་ཆུ་བོ།ལྗང་ནེམ་གྱི་རྩྭ་རྩི་ཤིང་།   གཡང་ཆགས་ཀྱི་རི་སྐྱེས་སྲོག་ཆགས་ཡོད་པ་ཙམ་གྱིས་མི་ཚད་པར་ཁམས་པའི་རིག་གནས་ཞེས་རི་བོའི་གཏོས་དང་མཉམ་ལ་རྒྱ་མཚོའི་མཐའ་དང་མཚུངས་པས་ཆོལ་ཁ་གསུམ་ལས་མདོ་སྟོད་མི་ཡི་ཆོལ་ཁ་ཞེས་མི་རྒྱུད་བཟང་ལ་རིག་པའི་གནས་ལ་མཁས་ཤིང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་སྐྱེས་བོ་དམ་པ་མང་པོ་འཁྲུངས་སའི་གནས་མཆོག་ཅིག་ཡིན་མོད།ལོ་རྒྱུས་ཀྱི་འཕོ་འགྱུར་དང་ཁོར་ཡུག་གི་ཆ་རྐྱེན།མི་སེམས་ཀྱི་ཉམས་ཆག་གིས་ད་དུང་མ་རྟོགས་ལོག་རྟོག་གི་གནས་ཚུལ་ཡང་མང་པོ་ཡོད་པ་ན་ང་ཚོས་ཁ་ལ་ཉི་མ་ཤར།  ལག་ལ་མུན་པ་རུབ་པའི་སྟོང་བསམ་རིང་ལུགས་པ་ལྟ་བུ་མིན་པར་ཏན་ཏན་ཏིག་ཏིག་གིས་མི་རེས་ཤུགས་རེ་དང་རྟ་རེས་གོམ་པ་རེ་ཕྱུངས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་གསུངས་ལ་དོན་དུའང་དེ་ལྟར་བསྒྲུབས་དང་སྒྲུབ་བཞིན་པ་ལགས།ཁམས་པའི་བོད་ཡིག་ཚགས་པར་གྱི་པར་ངོས་བཞི་པོ་ཁོ་ནས་ཁམས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས།   གནའ་རབས་ལོ་རྒྱུས་དང་གསར་དར་རིག་ཚན་སོགས་ཁྱབ་སྤེལ་བྱེད་མི་ཐུབ་པས2003ལོ་ནས“ཁམས་གསུམ”་(《ཁམས་པའི་འཛུམ་མདངས་》དང་《ཁམས་པའི་འཛུམ་རིས།》ཁམས་པའི་དྲ་བ་གསུམ་ལ་གོ) ལས《ཁམས་པའི་འཛུམ་མདངས།》ཞེས་ཟླ་མཇུག་ཚགས་པར་གསར་སྐྲུན་བྱས་ཏེ་པར་ངོས་དང་པོར་ཁམས་ཁུལ་གཙོ་བོར་བྱས་པའི་སྒྱུ་རྩལ་པ་དང་མཁས་པ་གྲགས་ཅན།དམངས་ཁྲོད་བཟོ་རྩལ་པ་སོགས་ཀྱི་མི་ཚེའི་བརྒྱུད་རིམ་དང་འཚོལ་རྟོག་གི་ལམ་བུ་བཅས་བཀོད་ལ།པར་ངོས་གཉིས་པར་བོད་ཀྱི་དམངས་ཁྲོད་དུ་སྦས་པའི་གཏམ་རྒྱུད་དང་ངག་སྒྲོས་བཅས་ཡིག་ཐོག་ཏུ་འགོད་རྒྱུ་དང་།པར་ངོས་གསུམ་པར་རྩོམ་རིག་དཔྱད་བརྗོད་དང་ལེགས་རྩོམ་སྙིང་བསྡུས་བཅས་བཀོད་ལ།པར་ངོས་བཞི་པར་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་པར་རིས་དང་ལྡེབས་རིས།ཐང་ག་སོགས་བཀོད་ཏེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས་མདོ་དབུས་ཁམས་གསུམ་ལ་ཐེངས་དང་པོར་ཁམས་པའི་འཛུམ་མདངས་ལྷུག་གེར་བཞད།གོང་རིམ་དབུ་ཁྲིད་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས2004ལོར་ཁམས་པའི་ཚགས་པར་དེ་ཚགས་པར་ཆེན་པོ་དང་ཚོན་ཁྲ་ཅན་གྱི་ཚགས་པར་ཆེན་པོར་བསྒྱུར།དེ་ཡང་ཏང་གི་སྲིད་ཇུས་བྱེད་ཕྱོགས་བཟང་པོའི་དྲིན་གྱིས་དེང་སང་བོད་ལ་ཚད་ལྡན་གྲགས་ཅན་ཡིན་མིན་གྱི་རྩོམ་པ་པོའི་ཁྱུ་ཚོགས་ཤིག་གིས་ཚ་ཚ་འུར་འུར་གྱིས་རྩོམ་རིག་གི་ལམ་བུར་འཚང་ཁ་རྒྱག་བཞིན་ཡོད་ལ་གཞུང་དང་སྒེར་ནས་གཉེར་པའི་དུས་དེབ་ཀྱང་རྣམ་པ་སྣ་ཚོགས་རེད།རེད་དེ།ཁམས་ཁུལ་དུ་རྩོམ་རིག་ལ་དགའ་ཞེན་ཡོད་པ་རྣམས་ཀྱིས་སྨྱུག་ཁ་བསྒྱུར་སའི་དུས་དེབ་དང་ཚགས་པར་ནི་ཧ་ཅང་ཉུང་ཉུང་རེ་གཉིས་ཙམ་ལས་མེད།དེ་ཡང་གླུ་གར་བ་ལ་གར་སྟེགས་དང་རྟ་གོམ་པ་སྦྱོང་བར་རྒྱུག་ར་མེད་པ་ལྟར་འདྲ་ཆགས་པོའི་དུས་དེབ་གཅིག་ཀྱང་མེད་སོང་ན་གཅིག་ནི་ཁམས་པ་བའི་ངོ་ཚ་ཡིན་ལ་གཉིས་ནི་རིག་གནས་འཕེལ་རྒྱས་ཐད་ཀྱི་འགག་སྒོའང་ཡིན་པར་ཁ་གཏད་ནས་ཁོང་གིས་2010ལོར《ཁམས་པའི་འཛུམ་རིས།》ཞེས་ཡིག་ཚོགས་ཁོ་ན་མ་ཡིན་པར་མཐོང་ཚོར་སྒྱུ་རྩལ་གྱི་ལུགས་ལྟར་པར་རིས་དང་ཟུང་དུ་སྦྲགས་ནས་ཀློག་པ་པོ་རྣམས་ཀྱི་ཡིད་འཕྲོག་ལ་གཟིགས་འདོད་པའི་ཚོན་ཁྲ་ཅན་གྱི་རིག་གནས་ཆེད་སྒྲིག་དུས་དེབ་གསར་སྐྲུན་བྱས་ཏེ་ད་ལྟའི་བར་དེབ་དྲུག་པར་དུ་བསྐྲུན་ནས་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེ་འབྲིང་དང་།དགོན་སྡེ།བཤད་གྲྭབོད་ཀྱི་རིག་གནས་དང་འབྲེལ་བ་ཆེ་བའི་ལས་ཁུངས།བོད་ཡིག་ཤེས་མཁན་གྱི་ཞིང་འབྲོག་མང་ཚོགས་སོགས་ལ་ཕངས་མེད་དུ་སྦྱིན་པས་ཚང་མས་ཁམས་པའི་འཛུམ་མདངས་དེ་རྒྱས་ནས་འཛུམ་པའི་རི་མོ་ཞིག་ཁམས་པའི་ས་ཆར་བྲིས་སོང་ཞེས་གནས་ལུགས་མཆིས་ལ་བསྟོད་བསྔགས་ཡིན་པའི་ཀུ་རེའི་གཏམ་འཆད་བཞིན་ཡོད།དུས་རབས་ཉེར་གཅིག་པ་ནི་དྲ་བའི་དུས་རབས་ཡིན་ཏེ་དྲ་བའི་སློབ་གསོ་དང་དྲ་བའི་དཔལ་འབྱོར་།དྲ་བའི་རྩོམ་རིགདྲ་བའི་བརྡ་འཕྲིན་ཞེས་འཚོ་བར་མེད་དུ་མི་རུང་བ་ཞིག་གི་ཚུལ་བཟུང་ཡོད།སུ་ཞིག་ལ་དྲ་བའི་སྐོར་གྱི་ཆ་རྒྱུས་མེད་ན་དེ་ཡིས་ཡི་གེ་ཤེས་པ་ཙམ་གྱི་ཡིག་རྨོངས་པའི་ཞྭ་མོ་གོན་དགོས་ལ་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་རྣམས་དེང་རབས་ཚན་རིག་ལག་རྩལ་ཐོག་ནས་ཁྱབ་སྤེལ་བྱེད་ཐུབ་ན་སྐད་ཡིག་དེས་དུས་རབས་ཀྱི་རྗེས་ཟིན་ཏེ་འཇིག་རྟེན་དུ་ཡུན་རིང་གནས་ཐུབ།ཁོང་ནི་སྲོལ་རྒྱུན་དང་དེང་རབས་རིག་གནས་ཟུང་གིས་སྐྱེད་སྲིང་བྱས་པས་གང་ཞིག་ང་ཚོ་ལ་མཁོ་བ་དང་ཅི་ཞིག་གིས་ང་ཚོའི་མིག་ལམ་སྒྲིབ་བཞིན་ཡོད་པ་གསལ་པོར་མཁྱེན་པས་ཐབས་དང་ཤེས་རབ་ལ་བརྟེན་ནས་དཀར་མཛེས་ཚགས་པར་ཁང་རང་ཉིད་ཀྱིས་འགྲོ་སོང་བཏང་ནས་གསར་འགྱུར་དང་རིག་གནས་གཙོ་བོ་དང་།ལྷག་པར་དུ་ཁམས་ཕྱོགས་ཀྱི་ཕྱོགས་གང་ཐད་ཀྱི་རིག་གནས་དང་ལོ་རྒྱུས་མཚོན་པའི་ཁམས་པའི་དྲྭ་ཚུགས་ཞེས་པ་གསར་སྐྲུན་བྱས།  དྲྭ་ཚུགས་དེ་ནི་སི་ཁྲོན་དང་ཁམས་ཕྱོགས་ཀྱི་ཆེས་ཐོག་མ་དང་ཆེས་རྒྱས་པའི་གཞུང་གཉེར་གྱི་བོད་ཡིག་ཕྱོགས་བསྡུས་དྲ་བ་ཆེན་མོ་ཞིག་ཡིན་ལ་ད་ལྟ་འཛམ་གླིང་གི་རྒྱལ་ཁབ༡༠༠ལྷག་ཙམ་གྱིས་ལྟ་བཞིན་ཡོད།ད་ལྟའི་བར་དུ་ལེ་ཚན་ཆེ་ཆུང་བརྒྱ་ལྷག་དང་ཡིག་འབྲུ་ས་ཡ་བཅུ་ལྷག་ཙམ་གྱི་ནང་དོན་ཚུད་ཡོད་པས་གོང་རིམ་གྱི་དབུ་ཁྲིད་དམ་པ་དང་བོད་ཀྱི་སྐད་ཡིག་ལ་དད་ཞེན་ཡོད་མཁན་རྣམས་ཀྱིས་ཁས་ལེན་ཞིང་དགའ་བསུའང་ཆེན་པོ་བྱས།ཡུན་རིང་འགྲོགས་ན་སུན་སྣང་མི་སྐྱེས་བྱ་བ་གཅིག་ཀྱང་མེད་ཅེས་པ་ལྟར་བྱ་བ་གང་ཞིག་ལ་འཇུག་ཡུན་རིང་ན་དང་ཐོག་གི་མོས་པ་དང་དགའ་ཞེན་ཉམས་སྲིད་ཀྱང་ཁོང་ནི་དེ་ལས་ལྡོག་སྟེ་བྱ་བ་ཆེ་ཆུང་གང་ཞིག་བསྒྲུབས་ཀྱང་སྟག་གི་རྔ་མ་ལ་འཇུས་ཉིན་ནས་བཏང་ཤོར་མེད་པར་རྡོ་སྐས་ལ་འཛེགས་པ་ནང་བཞིན་ངང་རྒྱུད་རིང་པོས་བྱ་བ་ལེགས་གྲུབ་ཡོང་བར་འབད་འབུངས་བྱེད།རྟ་ཁ་སྲབ་ཀྱིས་བསྒྱུར།མི་སེམས་གཏམ་གྱིས་བསྒྱུར་ཞེས་པ་ལྟར་ཚགས་པར་བ་ཡི་ལས་འགན་བཞེས་ཏེ་ཏང་དང་མི་དམངས་ཀྱི་མགྲིན་ཚབ་པ་ཞིག་བྱས་པ་ནས་བཟུང་།    གསེར་སྨྱུག་དང་ཞལ་ལྕེ་ལ་བརྟེན་ནས་ས་མཐའ་ན་མགོ་བོ་བ་མོ་དང་རྐང་པ་ཆུ་བུར་བྱས་ཏེ་འཚོ་གཞེས་ཀྱི་ཆེད་དུ་འཕག་འཚག་རྒྱག་བཞིན་པའི་སེར་སྐྱ་མི་དམངས་རྣམས་ཡང་དག་པའི་ལམ་ཕྱོགས་དང་ངེས་པ་དོན་གྱི་ལེགས་ལམ་དུ་བློ་ཁ་བསྒྱུར་བའི་མཛད་རྗེས་ནི་གསང་དང་མ་གསང་མི་འདུག་ཀུན་གྱི་སྣང་ངོར་གསལ་ལྷང་ངེར་བཀྲ་བས་དེང་སང་སེར་སྐྱ་ཀུན་གྱིས་སྙིང་ནས་འདོད་པའི་ཐོབ་གོ་ས་སྔར་ལས་མཐོ་བ་ཞིག་དང་རྒྱུ་ལོངས་སྤྱོད་སྔོན་ལས་གྱ་ནོམ་པ་ཞིག་རྙེད་ཆོག་ཆོག་ཏུ་སྣང་མོད།ཚེ་སྲོག་ལ་འོད་མདངས་འཕྲོ་ཞིང་མི་ཚེའི་རིན་ཐང་ཐོག་མར་འཚོལ་སའི་ཁམས་པའི་རི་ཆུ་དང་བྲལ་མ་ཕོད་པ་དང་གནས་མཆོག་འདིའང་ཆོལ་ཁ་གཞན་གྱི་རྗེས་སུ་ཆོད་པའི་སླད་དུ་མིང་དོན་གཉིས་ཀར་རྒྱབ་ཀྱིས་ཕྱོགས་ཏེ་སྟག་ངར་མས་སྟག་ཕྲུག་ཁྲིད་ཁྲིད་དང་འབྲོང་བྲེ་ལུས་འབྲོང་ཕྲུག་གསོ་གསོ་ཡིས་ཁམས་གསུམ་གྱི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ཁྲིད་དེ་མི་སྨོན་རང་སྐྱིད་ཀྱི་བྱ་གཞག་རླབས་པོ་ཆེ་ལ་འབད་འབུངས་བྱེད་བཞིན་ཡོད་པ་ནི་དངོས་གནས་ང་ཚོ་ཁ་ཕོ་ཆེ་ཡང་སྦྱོར་བ་དམན་པའི་ན་གཞོན་རྣམས་ཀྱི་མིག་དཔེ་འཕྲུལ་མེད་ཅིག་ལགས་ཨང་།།ཁོང་གིས་དུས་རྒྱུན་དུ་ང་ཚོ་གསར་སྐྱེས་རྣམས་ལ་སྤྱིར་ང་ཚོ་ཁམས་པ་བ་རྣམས་མི་སྒེར་གྱི་ངོས་ནས་བཤད་ན་ཤེས་རིག་ཡོན་ཏན་དང་འཇོན་ཐང་སོགས་སུ་ལའང་འགྲམ་ཆུ་ལྡང་མི་དགོས་མོད།ཐུན་མོང་གི་བྱ་བ་ཞིག་སྒྲུབ་དུས་རང་རང་སོ་སོའི་འདོད་བློ་དང་རང་གཤིས་གཙིགས་སུ་བཟུང་ཏེ་ལ་ལ་ཡིས་གནམ་ལ་གྱེན་འཐེན་བྱས་།འགའ་ཞིག་གིས་ཆུ་ནང་ཐུར་དྲུད་བྱས་པས་གཞུང་རྟ་དང་ཡན་ལག་ཚང་བའི་འབྲས་བུ་ཞིག་འབྱུང་རྒྱུ་ཤིན་ཏུ་དཀའ།  དེས་ན་ང་རང་ཚོས་མི་ཡིས་མི་བཀྱགས།  ཤིང་གིས་ཤིང་བཀྱགས་ཏེ་ཡར་འཐེན་གྱི་རྒྱ་ལུང་བྱེད་དགོས་པ་ལ་མར་འཐེན་གྱི་རྒྱ་རྡོ་བྱེད་མི་རུང་ཞེས་གསུངས་ལ་དོན་དུའང་སྐྱེས་བོ་དམ་པ་སུ་ཞིག་གིས་སྤྱི་དོན་གང་འདྲ་ཞིག་སྒྲུབ་སྐབས་ཁོང་གིས་ངོ་ཤེས་ཀྱང་རུང་།  མ་ཤེས་ནའང་འདྲ།སེམས་པ་རྣམ་དག་གིས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱེད་པ་ལས་ཕྲག་དོག་ཆེ་བའི་ལ་རྒྱ་ཅན་གྱི་བོད་མི་ཤེས་རིག་པ་རྣམས་ལྟར་མར་འཐེན་དང་ལོག་ལྟ།ཞབས་འདྲེན་དང་ངོ་རྒོལ་ནམ་ཡང་བྱེད་མི་སྲིད་པས་ཀུན་གྱི་སྣང་ངོར་ཁོང་ནི་ཤེས་རིག་ལ་བྱང་ཞིང་ཐབས་ལ་མཁས་པའི་སྐྱེས་ཕོ་རབ་མདའ་ཤོང་མདུང་ཤོང་ཞིག་གི་གཟི་བརྗིད་ཀྱི་སྣང་བརྙན་ཤར།དེ་ནི་བདེན་ཏེ།ང་ཚོ་ལ་ཐང་དཀར་རྒོད་པོའི་ནམ་འཕང་ཁེར་གཅོད་བྱེད་པའི་དཔའ་གདེང་ཡོད་དགོས་ལ་འདབ་ཆགས་ཁྲུང་ཁྲུང་ནང་བཞིན་གྲལ་བསྟར་བསྒྲིགས་ཏེ་གཅིག་གྱུར་གྱི་བསམ་བློ་ཡིས་ཐུན་མོང་གི་ལམ་བུར་བསྐྱོད་པའི་མཐུན་སེམས་ཤིག་དགོས་རྒྱུ་ནི་དེ་བས་གལ་ཆེ།གཞན་ཡང་ཁོ་རང་གི་ལོ་རྒྱུས་མདོར་བསྡུས་དང་བརྩམས་ཆོས་མང་པོ་འཛམ་གླིང་ཕུལ་བྱུང་ཆེད་མཁས་མི་སྣའི་མིང་མཛོད་དང་དུས་རབས་ཉེར་གཅིག་པའི་ཁྱད་དུ་འཕགས་པའི་ཆེད་མཁས་པ།ཀྲུང་གོའི་ཆེད་མཁས་མི་སྣ་གྲགས་ཅན་གྱི་མིང་མཛོད་ཅེས་པའི་དཔེ་ཆ་སོགས་སུ་བསྡུས་ཡོད།ད་ལྟར་ཀྲུང་གོའི་བོད་ལྗོངས་དུས་དེབ་ཀྱི་ཆེད་དུ་གདན་འདྲེན་ཞུ་བའི་གསར་འགོད་པ་དང་མི་རིགས་པར་རིས་ཚགས་པར་གྱི་ལས་ཞོར་གསར་འགོད་པ།སི་ཁྲོན་པར་འདེབས་ལྷན་ཚོགས་ཀྱི་ཚོགས་མི།  སི་ཁྲོན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།དཀར་མཛེས་ཁུལ་ཡིག་སྒྱུར་ཚོགས་པའི་ཀྲུའུ་ཞི།དཀར་མཛེས་ཁུལ་པར་འདེབས་ལྷན་ཚོགས་ཀྱི་ཚོགས་མི།སི་ཁྲོན་ཞིང་ཆེན་དམངས་སྲོལ་པར་འདེབས་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་འགན་བཞེས་བཞིན་ཡོད་པས་ཁོང་ནི་འབྲས་བུའི་ཁུར་གྱིས་དུད་པའི་ཤིང་སྡོང་ཞིག་དང་མཚུངས་པར་ཁམས་པའི་ཡུལ་གྲུར་ཁོག་ལག་རྒྱས་ཤིང་དྲི་བསུང་འཐུལ་ལ་གྲིབ་བསིལ་སྣུམ་པོ་གདུགས་སུ་ཕུབ་བཞིན་ཡོད་པ་ནི་ཁོ་རང་གི་བདེ་སྐྱིད་དང་ང་ཚོའི་བསོད་ནམས་ལགས།
མདོར་ན།ཁོང་གི་གོམ་པ་རེའི་ཤུལ་དུ་མེ་ཏོག་རེ་བཞད་ཡོད་ལ།མེ་ཏོག་རེ་ལས་སྣ་ལ་སིམ་པ་སྟེར་བའི་དྲི་ཞིམ་འཐུལ་བས་བུང་བའི་ཁྱུ་ཚོགས་ལས་ཀྱིས་འཁོར་ཏེ་ཁམས་གསུམ་གྱི་ཕྱི་ནང་དུ་གླུ་གར་གྱི་ལྟད་མོའི་རྒྱུན་ཆད་མི་སྲིད།
 
 

  • ལེ་ཚན་སྔོན་མ།:རྩོམ་པ་པོ་བྲག་འགོ་ཉི་མ།
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་རྩོམ་རིག་གར་སྟེགས་ཐོག་ཏུ་བསྐྱོད་བཞིན་པའི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་།