མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།

        2010-12-23

མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།

དེ་སྔོན་འཇར་མན་གྱི་སློབ་གསོ་ཆེད་མཁས་ཤིག་གིས་བརྗོད་དོན་མི་ཞིག་སྤྱི་ཚོགས་ལ་མཁོ་མིན་དང་དེའི་བཟང་ངན་གྱི་དབྱེ་བ་གཙོ་བོ་ནི་སློབ་གསོ་ཁོ་ནས་འབྱེད་པ་ཡིན།ཞེས་པའི་སྡོམ་ཚིག་མི་ཕྱེད་པ་ཞིག་བཞག་ཡོད།སློབ་གསོས་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཐད་ལ་ནུས་པ་ག་འདྲ་ཞིག་འདོན་བཞིན་ཡོད་པ་ལུང་ཚིག་དྲི་མ་བྲལ་བ་འདི་དག་གིས་ཕྱི་གསལ་ནང་གཙང་གི་སྒོ་ནས་བདེན་དཔང་བསྙོན་མེད་ཅིག་བྱས་ཡོད།ང་ཚོ་བོད་ཀྱི་ནང་ཆོས་ཀྱི་གཞུང་ཤིང་མདོ་ལས་ཀྱང་ནན་དུ་བསྟན་དོན་དག་པ་དྭངས་པ་འོད་གསལ་བ།མི་འཁྲུགས་འདུས་མ་བྱས་པ་སྟེ།བདེ་བར་གཤེགས་པའི་སྙིང་བོ་དེ།།ཡེ་ནས་གནས་པའི་ཆོས་ཉིད་དོ།།ཞེས་པ་ཀྱང་མིའི་རིགས་ཀྱི་འཇོན་ཐང་དང་ནུས་པ་སྲིད་ན་དཀོན་པ་དེར་ལུང་རིགས་རྡོ་རྗེ་ལྟ་བུས་མངོན་གསལ་དུ་ར་སྤྲད་འདུག་པ་ལས་ང་ཚོར་གསང་བ་ལྐོག་གྱུར་གྱི་གནས་སྟངས་ཡན་གར་བ་ཞིག་གཏན་ནས་སྟོན་གྱིན་མེད། རང་རེའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་སྔོན་བྱོན་གྱི་མཁས་དབང་ཉི་ཟླས་ས་གབ་པ་ལྟ་བུ་མང་དུ་བྱོན་པ་དག་ལས་ཀྱང་དཔེར་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པ་དང་འཇམ་མགོན་རྒྱལ་བ་གཉིས་པ་རྗེ་བློ་བཟང་གྲགས་པ་ཆེན་མོ།གཞན་ཡང་གྲུབ་མཐའ་རིས་མེད་ཀྱི་མཁས་བཙུན་བཟང་གསུམ་དང་སྐྱེ་ཆེན་དམ་པ།ཐ་ན་འཛམ་གླིང་ནུབ་ཕྱོགས་ཀྱི་སྙན་གྲགས་ཅན་གྱི་ཚན་རིག་པ་ཨན་སེ་ཐན།ནོ་པེར།ཉིའུ་ཏུན་སོགས་ཇི་སྙེད་བྱུང་བ་རྣམས་ཀྱང་ཁྱད་པར་ཅན་གྱི་སློབ་གསོའི་བྱེད་ནུས་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད།
 དོན་དུ་གནའ་དེང་དང་ཕྱི་ནང་གི་རྒྱལ་ཁབ།མི་རིགས་སུ་ཞིག་གི་སློབ་གསོ་ག་འདྲ་ཞིག་ཡིན་རུང་མི་ནུས་སྔོག་འདོན་བྱེད་རྒྱུ་ནི་དེ་ཉིད་ཀྱི་བྱེད་ནུས་གཙོ་བོའམ་བླ་སྲོག་ལྟ་བུར་གྱུར་ཡོད།
 གཅིག སློབ་གསོས་ཡང་དག་པར་མི་ནུས་ངོས་འཛིན་དགོས།
སློབ་གསོའི་ཁྱབ་ཁོངས་ཁྲོད་མི་ནུས་ནི་བག་ལ་ཉལ་བའི་ཚུལ་དུ་གནས་པའི་གཏེར་རྡོ་ལྟ་བུ་ཡིན་ལ།དེ་ཉིད་བདེ་བླག་ངང་སྔོག་འདོན་བཟང་བོ་ཞིག་བྱེད་ན།ཐོག་མར་ཆེས་རིན་ཐང་ལྡན་པའི་མི་ནུས་ལ་ངོས་ཟིན་བཟང་བོ་ཞིག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། དམིགས་ཡུལ་ལྡན་ཞིང་སྒྲིག་གཞི་ཚགས་དམ་པ།མ་ལག་འཐུས་ཚང་ཅན་གྱི་སློབ་གསོའི་ཁོར་ཡུག་མི་འདྲ་བར་ཉིན་མཚན་དུས་དྲུག་ཏུ་བརྩོན་ཞིབ་བགྱི་བའི་མདོར་དོན་ཧྲིལ་གྱིས་དྲིལ་ནའང་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གསོ་མྱོང་མཁན་གྱི་རྒྱུད་དུ་གསལ་དྭངས་ཀྱི་ཚུལ་དུ་གནས་པའི་ཤེས་པ་རྣོན་པོ་དེ་ཡང་དག་པར་ངོས་བཟུང་སྟེ།དུས་དང་རྣམ་པ་ཀུན་ཏུ་དེ་ཉིད་ཀྱི་འཕེལ་རྒྱས་ལ་ཤིན་ཏུ་སྨན་པའི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་རེད།དོན་དངོས་སུ་མི་ནུས་ནི་སྣ་གཅིག་རང་བཞིན་ཅན་གྱི་ནུས་ཤུགས་ཤིག་གཏན་ནས་མིན་པར།དེ་ནི་སྣ་མང་རང་བཞིན་ཅན་གྱི་ནུས་པའི་རིགས་ཤིག་ཏུ་ཆགས་ལ།སློབ་གསོ་བྱ་བའི་ཁྲོད་མི་ནུས་ལ་དབྱེ་ཞིབ་དང་དཔྱད་བསྡུར།འདྲི་རྟོག་ནན་མོ་བྱེད་རྒྱུ་ནི་མི་ནུས་ངོས་འཛིན་བྱ་བའི་ཐད་ཀྱི་གོ་རིམ་གཙོ་བོ་ཞིག་ཡིན། སློབ་ཁང་སློབ་ཁྲིད་ནི་དམིགས་ཡུལ་ལྡན་ཞིང་སྒྲིག་གཞི་ཚགས་དམ་པ།མ་ལག་འཐུས་ཚང་ཅན་གྱི་སློབ་གསོའི་ཁོར་ཡུག་མི་འདྲ་བར་མི་ནུས་ངོས་འཛིན་དང་སྔོག་འདོན་བྱེད་པའི་ཐབས་ལམ་ཉག་གཅིག་ཏུ་འཛིན་པ་ནི་ང་ཚོའི་སློབ་གསོའི་ལས་གནས་སྟེང་གི་བཅོས་ཐབས་མེད་པའི་ནད་ཡམས་ཆེན་པོ་ཞིག་རེད།གནས་སྟངས་འདི་འདྲའི་འོག་ང་ཚོས་ཤིན་ཏུ་རྙེད་དཀའ་བའི་མི་ནུས་འབོར་ཆེན་ཇི་སྙེད་ཅིག་དོན་མེད་དུ་ཆུད་ཟོས་སུ་བཏང་དང་གཏོང་བཞིན་ཡོད།ཞིབ་ཏུ་བསམ་ན།ང་ཚོས་མི་ནུས་ལ་ངོས་ཟིན་གསལ་བོ་མ་བྱས་པའི་གླེན་རྟགས་དང་ནམ་ཡང་འཕོ་འགྱུར་མེད་པའི་ཡིག་རྒྱུགས་ཀྱི་གཡུལ་འགྱེད་ཁྲོད།རླབས་ཆེན་གྱི་མི་སྣ་ཇི་འདྲ་མང་པོ་ཞིག་གི་མི་ཚེ་འཕྲོ་བརླག་ཏུ་བཏང་ཡོད་པ་རེད་ཨང་། དེ་སྔོན་འཛམ་གླིང་གི་དུས་རབས་གསར་བའི་སློབ་གསོའི་གླེང་སྟེགས་ཤིག་གི་སྟེང་།ཀྲུང་གོའི་སློབ་གསོ་ཆེད་མཁས་ཤིག་ཆེད་དུ་ལྗར་པན་དུ་སློབ་གསོ་ལྟ་ཞིབ་ཏུ་བསྐྱོད་པའི་གནས་ཚུལ་ཞིག་བརྗོད་སྐབས།ཁོ་རང་ལྗན་པན་གྱི་སློབ་གྲྭ་ཆེ་གེ་མོ་ཞིག་ཏུ་བསྐྱོད་དེ་དེ་གའི་འཛིན་གཙོ་ཞིག་ལ་ཁྱེད་རང་གི་འཛིན་གྲྭ་རུ་སློབ་སྦྱོང་ལ་ཕུལ་དུ་བྱུང་བའི་སློབ་མ་ག་ཚོད་ཡོད།ཅེས་འདྲི་དུས།དེས་སྦ་གསང་མེད་པར་བཤད་རྒྱུར་ངས་མི་ཤེས་ཞེས་ལན་བཏབ།ཁོས་ཡང་བསྐྱར་དྲིས་དོན་དེས་ན་ཁྱོད་ཀྱི་འཛིན་གྲྭ་རུ་སློབ་སྦྱོང་ལ་ཆེས་ཞན་པའི་སློབ་མ་ཚོད་ཡོད།ཅེས་བརྗོད་དུས།ངས་མི་ཤེས་ཞེས་ཡང་བསྐྱར་དེ་ལྟར་ལན་བཏབ་རྗེས།ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ཆེ་གེ་མོ་ཞིག་རོལ་དབྱངས་ལ་ཤིན་ཏུ་མཁས་ཤིང་ཡང་ཆེ་གེ་མོ་ཞིག་ལུས་རྩལ་ལ་མཁས།ཆེ་གེ་མོ་ཞིག་སྨྲ་བརྗོད་ལ་མཁས་ཤིང་ཡང་ཆེ་གེ་མོ་ཞིག་རི་མོ་ལ་མཁས་པོ་ཡོད་ཅེས་སློབ་མ་རེ་རེའི་ནུས་པ་དེ་མགྲིན་པ་གཟེངས་སུ་བཏེགས་ནས་ཞིབ་བརྗོད་ཅིག་བྱས་བྱུང་།དོན་དངོས་སུ་དེ་ནི་སློབ་མའི་ནུས་པ་ལ་ངོས་ཟིན་དང་གདེང་འཇོག་བྱེད་པའི་ལྟ་གྲུབ་ཚད་ཐུབ་ཅིག་ཡིན་ལ།ལྗར་པན་གྱི་སློབ་གསོའི་སྟེང་གི་མི་ནུས་སྔོག་འདོན་བྱེད་པའི་བརྟན་བརླིང་གི་གོམ་ཁ་དང་པོ་དེའང་རེད།

 མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན།

ལྗར་པན་གྱི་སློབ་གསོ་ལ་དེ་ལྟ་བུའི་མི་ནུས་ངོས་འཛིན་ཐད་ཀྱི་ལངས་ཕྱོགས་བརྟན་པོ་ཞིག་མེད་ན།འདི་ཉིད་ཨ་ཤེ་ཡའི་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་ཡེ་ནས་མེད།མི་ནུས་གཙིགས་འཛིན་དང་སྔོག་འདོན་བཟང་བོ་བྱེད་རྒྱུ་ནི་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཁག་གི་སློབ་གསོ་གཉེར་སྟངས་ཤིན་ཏུ་རྩོལ་མེད་དུ་ཆགས་འདུག དུས་རབས་གསར་བའི་སློབ་གསོའི་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ནས་མི་ནུས་ངོས་འཛིན་དང་སྔོག་འདོན་གྱི་ཁྱབ་ཁོངས་ཀྱང་མྱུར་སྟབས་ཀྱིས་འཕེལ་བ་མ་ཟད།མི་ནུས་མཁོ་སྤྲོད་དང་བེད་སྤྱོད་ཀྱི་རིན་ཐང་སྔར་ལས་སྣ་འཛོམས་ཅན་དུ་གྱུར་པ་དང་མི་ནུས་མི་འདྲ་བ་སྔོག་འདོན་བྱེད་པའི་སློབ་གསོའི་དགོས་མཁོ་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་པ་དང་མི་ནུས་ལའང་སྔར་ལས་གདེང་འཇོག་ཤུགས་ཆེན་མཛད་པས་ཁྱོན་ཡོངས་ནས་མིའི་རིགས་ཀྱི་ནུས་ཤུགས་བླ་ན་མ་མཆིས་པ་དེར་ངོས་ཟིན་བཟང་བོ་ཞིག་བྱེད་རྒྱུ་ནི་སློབ་གསོ་བྱ་བའི་སྲོག་རྩ་ལྟ་བུར་མངོན་གསལ་དུ་ཆགས་ཡོད།
གཉིས།སློབ་གསོས་ཡང་དག་པར་མི་ནུས་སྔོག་འདོན་བྱེད་དགོས།
  • ལེ་ཚན་སྔོན་མ།:འཛམ་གླིང་ན་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ།
  • ལེ་ཚན་རྗེས་མ།:སློབ་མར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་སྤུས་ཚད་སློབ་གསོ་ལག་ཏུ་བསྟར་བའི་དགོས་པ་ཡིན།
  • དོ་སྣང་ཆེ་བའི་རྩོམ།