ཚྭ་ཁ་ལྷོའི་བགྲང་ལོ་སྟོང་གི་ཚྭ་ཞིང་།

པད་མ་ཚེ་རིང་།        2014-09-25

ཚྭ་ཁ་ལྷོའི་བགྲང་ལོ་སྟོང་གི་ཚྭ་ཞིང་།

ཚྭ་ཁ་ལྷོར་ཡུལ་སྐོར་འགྲོ་བའི་དུས་ཚོད་ཡག་ཤོས་ནི་ལོ་ལྟར་ཟླ་བ་ལྔ་པ་དང་དྲུག་པ།དགུ་པ་བཅས་ལ་ཡིན།ངས་ཚྭ་ཁ་ལྷོའི་སྐོར་གྱི་གནའ་གཏམ་དང་སྒྲུང་མང་པོ་སྔར་ནས་ཐོས་མྱངས་ལ།དེ་ལས་ཐོན་པའི་བོད་ཚྭའང་ཟོས་མྱངས་པས།ཚྭ་ཁ་ལྷོ་ལ་བག་ཆགས་ཟབ་མོ་ཡོད།སྔོན་ཆད་ཚྭ་ཁ་ལྷོར་ཐེངས་གསུམ་འགྲོ་མྱངས་ཡོད་ཀྱང་ཚྭ་ཞིང་ལྟ་བའི་གོ་སྐབས་རྙེད་མ་བྱུང་།ཐེངས་འདིར་ཚྭ་ཁ་ལྷོ་ནས་བགྲང་ལོ་སྟོང་གཅིག་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཚྭ་ཞིང་དངོས་སུ་མཐོང་བྱུང་།  ཚྭ་ཁ་ལྷོ་ནི་བོད་ལྗོངས་ཀྱི་ཤར་ལྷོ་སུ་གནས་ཡོད་ལ།ཡུན་ནན་བདེ་ཆེན་ཁུལ་གྱི་འཇོལ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་འབའ་ཐང་རྫོང་དང་འབྲེལ་ཡོད།རྫ་ཆུ་སྔོན་མོ་ཚྭ་ཁ་ལྷོའི་ས་ཁོངས་སུ་བྱང་ནས་ལྷོ་རུ་དལ་གྱིས་བཞུར་བཞིན་ཡོད།ཚྭ་ཁ་ལྷོར་མི་གྲངས4486ཡོད་ཅིང་།དེའི་ནང་འཇང་རིགས་བཞི་ཆ་གཅིག་ལས་ཟིན་མེད་དེ།མང་ཤོས་ནི་བོད་རིགས་ཡིན།ཚྭ་ལས་ནི་ཚྭ་ཁ་ལྷོའི་ཐོན་སྐྱེད་གཙོ་བོ་ཡིན།རྫ་ཆུའི་ཤར་ནུབ་ངོགས་གཉིས་སུ་ལྕགས་རྟ་དང་སྟོད་ཚྭ་ཁ་ལྷོ།སྨད་ཚྭ་ཁ་ལྷོ་བཅས་གྲོང་སྡེ་གསུམ་གྱི་གྲོང་མིས་ཚྭ་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།རྫ་ཆུའི་ངོགས་གཉིས་སུ་བྱེ་རགས་དང་རི་གཟར་དུ་ཤིང་གདུང་གིས་སྐྱོར་པའི་ཚྭ་ཞིང་3200ལྷག་ཡོད།དེ་བཞིན་རྫ་ཆུའི་འགྲམ་དུ་ཚྭ་དོང་བཅུ་ལྷག་ཡོད་པ་དང་།གནའ་སྔ་མོར་ཚྭ་པ་རྣམས་ཀྱིས་ཆུ་དོང་ནང་གི་ཚྭ་ཆུ་ཚྭ་རྫིང་དུ་བླུགས་རྗེས་ཉི་མར་སྐམ་རྒྱག་སྟེ་ཚྭ་ཆགས་བཅུག་པའི་སྲོལ་ཡོད།ད་ལྟར་དེང་རབས་ཀྱི་ཆུ་འཐེན་འཕྲུལ་ཆས་སྤྱད་ནས་ཚྭ་ཆུ་རྫིང་བུར་འཐེན་ཏེ་ཉི་མར་སྐམ་རྒྱག་བཞིན་ཡོད་པ་ཉི་མ་གཉིས་གསུམ་ཡས་མས་བསྐམས་རྗེས་ཚྭ་ཆགས་ཐུབ།ཚྭ་རྫིང་རེ་རེར་ཐེངས་རེར་ཚྭ་རྒྱ་མ་བཅུ་ཡན་ཆད་ཐོན་ཐུབ། རྫ་ཆུའི་ཤར་ངོགས་སུ་གནས་པའི་ཇ་རྟ་གྲོང་སྡེ་ལས་གཙོ་བོ་ཚྭ་དམར་དང་ཤར་ངོགས་ཀྱི་སྟོད་སྨད་ཚྭ་ཁ་ལྷོར་གཙོ་བོ་ཚྭ་དཀར་ཐོན་བཞིན་ཡོད།དེའི་ནང་ནས་ཚྭ་དམར་ནི་ཐོན་ཚད་མཐོ་ཞིང་གོང་ཚད་སླ་བ་ཡིན་ལ།ཚྭ་དཀར་ནི་ཐོན་ཚད་ཉུང་ཞིང་གོང་ཚད་མཐོ་བ་ཡིན།ལོ་ལྟར་ཟླ་གསུམ་པ་ནས་ཟླ་ལྔ་པའི་བར་ཁམ་བུ་མེ་ཏོག་བཞད་དུས་ཐོན་པའི་ཚྭ་དེ་ལ་ཁམ་ཚྭ་ཞེས་འབོད་སྲོལ་ཡོད་དེ།དུས་ཚིགས་འདིར་ཐོན་པའི་ཚྭ་ནི་ལེགས་ཤོས་དང་མིང་གྲགས་ཆེ།ཚྭ་ཁ་ལྷོའི་ཚྭ་ཁ་དེ་བོད་ཁུལ་དུ་རྩ་ཆེ་བའི་ཚྭ་ཁ་ཞིག་ཡིན་ཞིང་།གནའ་གཏམ་དུ་ཚྭ་རྩོད་རྒྱག་རྐྱེན་དེར་དམག་འཁྲུག་བསླངས་མྱངས་བའི་བཤད་སྲོལ་ཡོད་དེ།གེ་སར་རྒྱལ་པོའི་སྒྲུང་ལས་《འཇང་གླིང་གཡུལ་འགྱེད》ནང་གི་ཚྭ་རྩོད་རྒྱག་སའི་ཡུལ་དེ་ནི་ཚྭ་ཁ་ལྷོ་རེད་ཅེས་ངོས་འཛིན་བྱས།  ཚྭ་ཁ་ལྷོའི་ཚྭ་བཟོ་ལག་རྩལ་དེ་ནི་ལོ་ངོ་སྟོང་ཕྲག་ལྡན་པའི་ཇ་རྟ་ཚོང་ལམ་སྟེང་ཤུལ་དུ་བཞག་པའི་གདོད་མའི་ལག་རྩལ་ཞིག་ཡིན་ཞིང་།འཛམ་གླིང་ཐོག་སོར་ཉར་ཆ་ཚང་བྱས་ཡོད་པའི་གདོད་མའི་ལག་རྩལ་ལ་བརྟེན་པའི་ཚྭ་སྐམ་རྒྱག་ཐབས་ཤིག་ཡིན།ཚྭ་ཁ་ལྷོར་བོད་ལྗོངས་དང་སི་ཁྲོན།ཡུན་ནན་སོགས་ཀྱི་ས་ཆ་ནས་ཡོང་བའི་ཚྭ་སྒྲུབ་མཁན་ཚོས་ལོ་ལྟར་ཚྭ་རྒྱ་མ་ས་ཡ་ཁ་ཤས་ཉོ་སྒྲུབ་བྱེད་བཞིན་ཡོད་ལ།ཚྭ་རྒྱ་མ་གང་ལ་དངུལ་སྒོར1ཡན་དགོས།2009ལོར།ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཚྭ་ཞིང་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་དུ་ཚུད་ཅིང་།ཚྭ་སྐམ་པའི་ལག་རྩལ་དེ་རྒྱལ་ཁབ་ཀྱི་འབོར་ཐེངས་གཉིས་པའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།
  • ལེ་ཚན་སྔོན་མ།:བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་གསུམ་ངོ་སྤྲོད།
  • ལེ་ཚན་རྗེས་མ།:མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་བླ་བྲང་གི་ཐམ་ག
  • དོ་སྣང་ཆེ་བའི་རྩོམ།