བོད་ཀྱི་དམངས་གླུ།

ཚེ་རིང་ལྷ་མཚོས།        2010-05-12

རྟ་མ་རྒྱུགས་གོང་གི་དང་པོ་ལ།སྒ་གློ་ཐག་གཉིས་དེ་བསྡུམས་ཡག་གྱིས།ཐང་ཨ་ཆེན་དཀྱིལ་ལ་རྒྱུགས་རེན་ལ།ལྷུང་ཐལ་ན་ཁྲེལ་ལེ་སྡག་ལེ་འོང་།
བོས་མ་འཕེན་གོང་གི་དང་པོ་ལ།འབེན་སྐར་ཚོམ་འདྲ་དེར་གཏད་ཡག་གྱིས།ཁྲོམ་ཆེན་པོའི་དཀྱིལ་ལ་འཕེན་རེ་ལ།ཕོག་མེད་ན་ཁྲེལ་ལེ་སྡུག་ལེ་འོང་། རོགས་མ་འདྲིས་གོང་གི་དང་པོ་ལ།གཏམ་བཟང་ངན་གཉིས་དེ་བཤད་ཡག་གྱིས།སྡེ་རྒྱ་གྲོང་དཀྱིལ་ནས་འདྲིས་རེ་ལ།བྱེས་ཐལ་ན་ཁྲེལ་ལེ་སྡུག་ལེ་འོང་།
༢ཁྲི་ཐོག་བླ་མས་ཟེར་རྒྱུ་ལ།རི་མཐོན་པོའི་ཤྭ་བ་མ་བསད་ཟེར།ཆ་བཞག་ན་བླ་མ་ལོས་བདེན་ཏེ།ཤ་ཚོན་པོ་བླ་མས་གསོལ་དུའོ།གདན་ཐོག་དཔོན་པོས་ཟེར་རྒྱུ་ལ།སྡེ་ཆེན་པོའི་རྟ་ཟོག་མ་དེད་ཟེར།ཆ་བཞག་ན་དཔོན་པོ་ལོས་བདེན་ཏེ།རྒྱུ་ཆེན་པོ་དཔོན་པོས་ལེན་དུའོ།
དྲིན་ཆེན་ཕ་མས་ཟེར་རྒྱུ་ལ།དུང་ཆེ་བའི་རོགས་དང་མ་འདྲིས་ཟེར།ཆ་བཞག་ན་ཕ་མ་ལོས་བདེན་ཏེ།རོགས་མཐུན་པོ་ཕ་མས་འདྲིས་དུའོ།
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:དམངས་གླུ།