དགེ་རྒན་དཔའ་རིས་བློ་གྲོས་མཆོག་ངོ་སྤྲོད་མདོར་བསྡུས།

ནོར་ཚེ་ནས།        2014-08-11

དགེ་རྒན་དཔའ་རིས་བློ་གྲོས་མཆོག་ནི༡༩༣༣ལོར་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་ཞྭ་དམར་ཚོ་བའི་འབྲོག་ཁྱིམ་ཞིག་ནས་སྐྱེས་ཤིང་།ལོ་བདུན་གྱི་སྟེང་དུ་ཡུན་ཏུན་རྫོང་མྱང་ཅིའི་སློབ་ཆུང་དུ་ཞུགས། ༡༩༥༣ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་ནང་དུ་ཞུགས་ཏེ་དག་ཡིག་དང་སུམ་རྟགས།སྙན་ངག  ལོ་རྒྱུས་སོགས་བསླབ་བྱ་རྣམས་ལེགས་པར་སྦྱངས།
༡༩༥༥ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་དགེ་རྒན་གྱི་ལས་གནས་སུ་ཞུགས།སློབ་གསེང་གི་དུས་ཚོད་སྤྱད་ནས༼དམངས་ཁྲོད་གཏམ་རྒྱུད་གཅེས་བསྡུས༽དང༼ཚན་རིག་རྒྱུན་ཤེས་ཀྱི་དྲི་བ་དྲི་ལན༽༼ཆུ་མཛོད་ཆུང་བ་ནི་འབྲུ་མཛོད་ཆུང་བ་ཡིན༽ཞེས་པ་སོགས་བརྩམས་པ་དང་རྩོམ་སྒྱུར་གྱི་བྱ་བ་མང་དུ་གནང་།
༡༩༧༡ལོར་དགེ་རྒན་གཞན་དང་མཉམ་དུ་༼རྩོམ་སྟངས་སྣ་ལྔའི་འབྲི་ཚུལ༽ཞེས་པའི་དཔེ་ཆ་དེབ་གསུམ་ལེགས་བསྒྲིགས་བྱས་པ་སློབ་དེབ་ཏུ་བཀོལ།
སྐབས་ཤིག་ལ།སྒྲ་སྦྱོར་གྱི་གཞུང་འདིར་མཁས་པར་རློམ་པ་ཁ་ཅིག་གིས་གངས་ཅན་ལྗོངས་སུ་ཐོན་མི་ནས་སྤེལ་ཞིང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཚན་རིག་གི་ཡི་གེ་འདི་ཉིད་དང་ལུགས་མཐུན་གྱི་ཕྲད་རྣམས་མཁོ་བ་མེད་ཟེར་ནས་ཡན་ལག་གཅོད་པའི་ལྟ་བ་ཞིག་ཀུན་ཏུ་དར་བ་ལ།ཁོང་གིས༼བོད་ཡིག་གི་ཚིག་ཕྲད་སླ་སྡུད་བྱས་པའི་ལྟ་ཚུལ་ལ་དཔྱད་པ༽དང༼བྱེད་འབྲེལ་སླ་སྡུད་བྱས་པའི་ལྟ་ཚུལ་ལ་དཔྱད་པ་ཡང་བསྐྱར་གཏོང་བ༽བཅས་རིམ་པར་བརྩམས་ནས་ལུང་རིགས་ཀྱི་ཚད་མས་ལྟ་བ་ངན་པ་སུན་ཕྱུང་ནས་རྨ་མེད་ཡི་གེ་འདི་ཉིད་སྲུང་སྐྱོབ་བྱས། གཞན་ཡང་ཁོང་གི་ཕྱག་རྩོམ་ལ༼བོད་ཀྱི་བརྡ་སྤྲོད་གནད་བསྡུས༽དང༼བོད་ཀྱི་གབ་ཚིག་མདོ་ཙམ་བཤད་པ༽༼ལའི་དོན་གྱི་སྒྲ་ཚོད་ལྟའི་ཚུལ་དུ་བརྟགས་པ༽༼བོད་ཀྱི་བརྡ་སྤྲོད་རིག་པ༽༼སྟོད་ཆ་དང་སྨད་ཆ༽༼མི་རིགས་སྐད་ཡིག་འཕེལ་རྒྱས་སུ་གཏོང་བ་དང་བཀོལ་སྤྱོད་བྱེད་པའི་འབྲེལ་བ་ཆེ་ལོང་ཙམ་བརྗོད་པ༽༼ཉི་མའི་བསྟོད་པ༽༼ལུའུ་ཞུན་གྱི་སྙན་ཚིག་གཅེས་བསྡུས༽༼ཞང་ཅང་ལྷ་མོའི་མགུར་གླུ༽སོགས་བརྩམས་ཆོས་དང་བསྒྱུར་རྩོམ་ཉི་ཤུ་ལྷག་དཔེ་དེབ་དང་དུས་དེབ་སྣ་ཚོགས་སུ་ཕུད།
༡༩༨༠ལོ་ནས༡༩༨༤ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་དང་༡༩༨༤ལོ་ནས༡༩༨༧ལོའི་བར་དུ་ཀྲུའུ་རེན་གྱི་འགན་བཞེས། ༡༩༨༥ལོར་ཁོང་ཉིད་ལ་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པའི་མཚན་རྟགས་གནང་།སྤྱི་ལོ༢༠༠༣ལོར་སྐུ་གཤེགས་སོ།།
  • ལེ་ཚན་སྔོན་མ།:བོད་རིག་པའི་མཁས་པ་དང་རབ་འབྱམས་པའི་མཛུབ་སྟོན་སློབ་དཔོན་བན་གོ
  • ལེ་ཚན་རྗེས་མ།:མཁས་དབང་གཉའ་བློ་གྲོས་རྒྱལ་མཚན་མཆོག་གི་མཛད་རྣམ་རགས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།