རྫ་ཆུ་ཁའི་ཡུལ་སྡེ།

མཁས་དབང་ནམས་མཁའི་ནོར་བུ།    བྱང་འབྲོག་གི་ལམ་ཡིག    2014-08-01

རྫ་ཆུ་ཁའི་ཡུལ་སྡེ།

རྫ་ཆུ་ཁ་ནི་འབྲོག་སྡེ་ཤ་སྟག་ཡིན་འདུག་ཅིང་།དེར་ཡོངས་གྲགས་སུ་འབྲོག་སྡེ་ཚོ་ཆེན་བཅོ་བརྒྱད་དུ་ཡོད་འདུག་པ་རིམ་བཞིན་སེར་ཤུལ།ཁྲོམ་རྫ་གོང་མ།ཨ་རིག་རྫ།ཝ་ཤུལ།འབའ་ཆུང་།འཇུ་བ།ཁྲོ་གོང་།ཁྲོ་འགབ།ཐར་ཤུལ།དགེ་རྩེ།འབུམ་རྙིང་།འབུམ་གསར།བ་ཐུར།ཆེ་ཝོ།ཕྱག་ཚ་དང་།བྱང་པ་ཁག་གསུམ་དུ་གྲགས་པ་དག་ཡིན་པ་རེད།འབྲོག་སྡེ་ཁག་སོ་སོར་གནའ་དུས་ནས་དཔོན་མིང་ཆགས་པའི་མི་ཚང་ཆེ་བ་རེ་ཙམ་ཡོད་འདུག་ནའང་།འབྲོག་སྡེ་ཡོངས་རྫོགས་སམ།ཚོ་ཁག་སོ་སོར་སྲིད་ཕྱོགས་ནས་ཚད་དབང་ལྡན་པའི་དབང་སྒྱུར་བྱེད་མཁན་ནམ།མི་སྡེར་དཔྱ་ཁྲལ་འགེལ་དབང་ཡོད་པའི་དཔོན་པོ་སུ་ཞིག་ཀྱང་མི་འདུག  དེ་དག་ལ་དཔོན་གྱི་མཚན་གནས་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི།རྫ་ཆུ་ཁའི་མི་སྡེ་ཕལ་ཆེ་བ་ནི་མཁོ་ཁམས་སྡེ་དགེ་ས་སྤྱོད་པའི་མངའ་འབངས་ཡིན་འདུག་པ་དང་།དེ་ལས་བྱང་པ་ཁག་གསུམ་ཞེས་བྱ་བའི་མི་སྡེ་དག་ནི་མདོ་ཁམས་གླིང་ཚང་ས་སྤྱོད་པའི་མངའ་འབངས་ཡིན་འདུག་པ་ལྟར།དུས་སྐབས་སོ་སོའི་དགོས་དབང་མི་འདྲ་བ་དག་ལ་བརྟེན་ནས་ས་སྤྱོད་པའི་གཞུང་དེ་གཉིས་ཀྱིས་གནང་བའི་མཚན་གནས་དག་རྒྱུན་ཆགས་སུ་གནས་པ་ཡིན་འདུག
དཔོན་གྱི་མཚན་གནས་ལྡན་པ་དེ་དག་གི་འགན་ལས་ནི་དུས་སྐབས་ངེས་ཅན་དུ་ས་སྤྱོད་པའི་གཞུང་གཉིས་ཀྱི་དཔོན་ཆེན་དང་།ཡང་ན་མཚན་དབང་ལྡན་པའི་བླ་ཆེན་ཁག་ཡུལ་སོ་སོར་ཕེབས་བཞུད་བྱེད་པའི་ཚེ་དཔོན་གྱི་མཚན་གནས་ལྡན་པ་རྣམས་ནས་སྣེ་ལེན་གྱི་གཙོ་བོར་བྱེད་དགོས་པ་དང་།ཡུལ་སྡེ་སོ་སོར་གློ་བུར་བའི་དགྲ་དང་ཇག་ཆོམ་སོགས་བྱུང་བ་ཡིན་ན་དཔོན་གྱི་མཚན་གནས་ཡོད་པ་དག་གིས་འཕྲལ་གྱི་གདོང་ལེན་བྱེད་པའམ།མི་སྡེའི་འགོ་སྡུད་བྱས་ཏེ་ར་མདའ་གཅོད་པའི་ཚད་དབང་ཡོད་འདུག་པ་དང་།མི་སྡེ་དང་མི་སྡེའི་བར་གློ་བུར་གྱི་རྩོད་གཞིའི་རིགས་བྱུང་ན་རྩོད་པའི་སྡེ་ལེན་པའམ།འདུམ་ལེན་པའམ།མི་ཚོགས་ལ་བསྐུལ་བརྡ་གཏང་བའི་བདག་དབང་ཡོད་པ་རེད།གོང་གསལ་སྡེ་དགེ་དང་གླིང་ཚང་ས་སྤྱོད་པའི་གཞུང་གཉིས་ནས་སོ་སོའི་འབྲོག་སྡེར་ཤེ་སྡུད་པ་ཞེས་པའི་སྐུ་ཚབ་རེ་དང་།དེ་དག་གི་ལས་ཆ་པ་ཁ་ཤས་བཅས་སྟོན་ཟླ་དང་པོའི་ནང་མངགས་སྲོལ་ཡོད་འདུག་པ་དེ་དག་ལ་འབྲོག་སྡེ་སོ་སོའི་ཁུངས་ནས་མར་དང་།ཤ།ཐུད།གྲོ་མ་དང་།སྤུ་ཁོག་ཅེས་པ་ལུག་གི་ཤ་ཁོག་པགས་པ་མ་བཤུས་པའི་གཟུག་ལྷུ་ལག་ཚང་བ་རེ་ཟུང་བཅས་འབུལ་དགོས་པ་རེད།དེ་ནི་རྒྱལ་པོ་ལོ་ཁྲལ་ཞེས་པ་ཇི་ལྟར་རོང་ཡུལ་གྱི་ཞིང་པ་ཚོས་སོ་སོའི་ས་ཞིང་གི་སྟེང་དུ་འཁྲི་བའི་གཞུང་ཁྲལ་དང་སྒེར་ཁྲལ་མང་པོ་མངའ་བདག་རྣམས་ལ་འབུལ་སྤྲོད་བྱེད་དགོས་པ་ལྟར་འབྲོག་སྡེ་དེ་དག་ལ་འཁྲི་བའི་ལོ་ཁྲལ་ཞིག་ཡིན་པ་རེད།འོན་ཀྱང་འབྲོག་མི་དག་གིས་ལོ་ཁྲལ་འདི་ལ་དཔྱ་ཁྲལ་གྱི་རྣམ་པར་མི་འཛིན་ཅིང་།ལོ་ཁྲལ་གྱི་ཆེད་དུ་མར་དང་ཐུད་སོགས་གཙང་སྦྲ་གང་ཆེ་དང་།སྤུས་གང་ལེགས་བྱེད་སྲོལ་ཡོད་པ་རེད།གང་ལགས་ཤེ་ན།འབྲོག་ཡུལ་ནས་བྱུང་བའི་ལོ་ཁྲལ་གྱི་དངོས་པོ་དེ་དག་ནི།སྡེ་དགེ་དགོན་ཆེན་དུ་ས་སྐྱ་པ་དང་།བཀའ་བརྒྱུད་པ་དང་།རྙིང་མ་བ་བཅས་ཀྱི་དགོན་ཁག་ཉི་ཤུ་ལྷག་གི་བླ་གྲྭ་རྣམས་འདུས་ཤིང་།རྒྱལ་ཁམས་སྤྱིའི་ཞབས་རིམ་དུ་དྲུག་ཅུ་ཆེན་མོས་གཙོས་པའི་གཏོ་ཆེན་མང་དུ་རྒྱག་པ་དང་།ལོ་གསར་ཚེས་གཅིག་ནས་བཟུང་ཚེས་པ་བཅོ་ལྔའི་མཚན་གུང་མ་ཡོལ་བར་དུ་སྟོན་པ་སངས་རྒྱས་ཀྱི་ཆོ་འཕྲུལ་དུས་ཆེན་ལ་དམིགས་པའི་འདུ་བ་ཆེན་མོ་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཆེན་གྱིས་གཙོས་པའི་སྒྲུབ་མཆོད་ཁག་དུ་མ་བཅས་ལོ་རེ་བཞིན་འཛུགས་སྲོལ་ཡོད་པ་དང་།དེ་མཚུངས་གླིང་ཚང་དུའང་ལོ་ཟད་དགུ་གཏོར་དང་།སྟོན་པའི་དུས་མཆོད་སོགས་འཛུགས་སྲོལ་ཡོད་འདུག་པ་དེ་དག་གི་རྟེན་རྩའི་གཙོ་བོ་ནི་རོང་འབྲོག་གི་མི་སྡེ་སོ་སོས་ཕུལ་བའི་ལོ་ཁྲལ་གྱི་དངོས་པོ་དག་ཡིན་འདུག་པ་དང་།འབྲོག་མི་དག་གིས་ལྷག་བསམ་རྣམ་དག་གིས་ཕུལ་བའི་ལོ་ཁྲལ་གྱི་དངོས་པོ་རྣམས་ཀྱང་དེར་སྨིན་གྱི་ཡོད་པ་རེད།རྫ་ཆུ་ཁའི་ཡུལ་ཕལ་ཆེ་བ་ནི་ན་ཐང་ལ་ན་རྩྭས་ཕྱུར་བུར་ཁེངས་པ་དང་།བར་མཚམས་རྣམས་སུ་སྤང་རི་དང་སྤང་ཐང་གི་ངོགས་སུ་རྩྭ་དང་།རྩི་ཐོག་སོགས་ས་མཐོའི་མེ་ཏོག་དུ་མས་ཁེངས་པ།ཡུལ་གྱི་བཀོད་པ་ཧ་ཅང་མཛེས་ཤིང་།མཐོང་བ་ཙམ་གྱིས་ཡིད་ལ་ཞི་བདེ་དབང་མེད་དུ་སྐྱེ་བ་ཤ་སྟག་ཏུ་སྣང་ངོ་།ཡུལ་དེ་དག་ཏུ་གནས་པའི་འབྲོག་མི་རྣམས་ཀྱང་བདེན་པའི་དོན་ལ་བློ་གཏད་ཆེ་ཞིང་།གཡོ་སྒྱུ་དང་བཅོས་མའི་དྲི་མས་མ་གོས་པ།རང་གཤིས་བཟང་ཞིང་འདྲིས་ཐག་རིང་བ།ལྷ་ཆོས་ལ་དད་པ་དང་མོས་གུས་ཆེ་ཞིང་།མི་ཆོས་ལ་ཕོ་རུས་ཆེ་ཞིང་དགྲ་འགོ་རྒོད་པོ་ཤ་སྟག་ཏུ་སྣང་ངོ་།།
རྫ་ཆུ་ཁའི་ཡུལ་དེ་དག་ཏུ་གླིང་གི་སྒྲུང་ལས་གསལ་བའི་ས་མིང་དང་རི་མིང་མང་དུ་ཡོད་འདུག་པ་དང་།སྐབས་རེར་གླིང་གི་དཔའ་ཐུལ་དག་གི་འཐབ་རའི་ཤུལ་ཡིན་པར་གྲགས་པའི་རྡོ་རྩིགས་ཆེན་པོ་ཁ་ཤས་དང་།གླིང་དང་ཧོར་འཐབ་དུས་ཀྱི་གླིང་གི་སྒར་མལ་ཡིན་པར་གྲགས་པ་ཐང་གི་བཀོད་པ་སྤོ་ཆེན་གྱི་ར་བས་བསྐོར་བ་ལྟ་བུ་དང་།ལྷག་པར་དུ་གླིང་གེ་སར་གྱི་སྒྲུང་རྟ་རྒྱུག་ལས་ལྷ་དིལ་མགོ་ནས་ལྷ་བསང་བཏང་།ཀླུ་དིལ་མགོ་ནས་མ་སྲུ་མོ་སྨན་རྣམས་ཀྱིས་ལྟད་མོ་བལྟས།ཞེས་བྱ་བའི་ལྷ་དིལ་དང་ཀླུ་དིལ་དུ་གྲགས་པ་དག་ཀྱང་མངོན་སུམ་དུ་ཡོད་འདུག་པར་མ་ཟད་འབྲོག་མི་དག་གིས་ཀྱང་མིང་དེ་སྐད་དུ་ཟེར་ཞིང་ལོ་རྒྱུས་དེ་རང་དུ་ཤོད་སྲོལ་ཡོད་འདུག་གོ།།
  • ལེ་ཚན་སྔོན་མ།:ཤར་རྒྱལ་མོ་ཚ་བ་རོང་གི་ས་དབྱིབས་ཆགས་ཚུལ།
  • ལེ་ཚན་རྗེས་མ།:རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས་དང་ཡུལ་སྲོལ་འགའ།
  • དོ་སྣང་ཆེ་བའི་རྩོམ།