བོད་ཀྱི་རིག་མཛོད་ཆེན་མོ།སྡེ་དགེའི་པར་ཁང་།

        2010-05-12

བོད་ཀྱི་རིག་མཛོད་ཆེན་མོ།སྡེ་དགེའི་པར་ཁང་།

མདོ་སྨད་གསེར་ལྡན་ཡངས་པའི་ཁྱོན་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་ས་སྐྱོང་ཆེན་པོ་སྡེ་དགེ་རྒྱལ་པོའི་གདུང་རབས་དང་པོ་མགར་དམ་པ་ནས་དབང་ཆེན་མགོན་པོའི་བར་གདུང་ཕྲེང་ཞེ་བཞི་བྱོན་ལ།གདུང་ཕྲེང་ཞེ་བཞི་པ་དབང་ཆེན་མགོན་པོ་དང་ཡུམ་ཨོ་རྒྱན་མཚོ་ལ་སྲས་གཉིས་ཡོད་པ་ལས།སྲས་ཕྱི་མ་སྟེ་གདུང་རབས་ཞེ་ལྔ་པ་ས་ལ་སྤྱོད་པའི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མི་དབང་བསྟན་པ་ཚེ་རིང་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོ་སྟེ་སྤྱི་ལོ༡༦༧༨ལོར་མཚན་དཔེའི་དཀྱིལ་འཁོར་ཐོག་མར་ཤར།  འདི་ཡན་ཆད་སྡེ་དགེའི་ཁྲི་རབས་རྣམས་བླ་མས་འཛིན་པ་ལས་ཁྱིམ་པས་འཛིན་པའི་སྲོལ་མེད།སྐུ་ཆུང་ངུའི་དུས་ནས་གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམས་ཤིང་བླ་མ་སངས་རྒྱས་བསྟན་པ་ཁུ་དབོན་གྱི་སྐུ་དྲུང་དུ་ཡི་གེ་འབྲི་ཀློག་ནས་རིག་གནས་སྤྱི་དབང་ཁྱད་པར་གསོ་རིག་ལ་སྦྱོང་བརྩོན་གནང་ཞིང་།མཁས་གྲུབ་སངས་རྒྱས་ཕུན་ཚོགས་དང་།བཀྲ་ཤིས་དཔལ་ལྡན།མཁན་ཆེན་བཟང་པོ་རྒྱལ་མཚན།ཀུན་དགའ་ཆོས་འཕེལ།བཀྲ་ཤིས་དབང་ཕྱུག སི་ཏུ་ཆོས་ཀྱི་འབྱུང་གནས།གྲུབ་དབང་སངས་རྒྱས་རྒྱ་མཚོ་སོགས་གཙུག་ཏུ་བསྟེན་ནས་དབང་ཁྲིད་མདོ་སྔགས་ཀྱི་གཞུང་བཤད་དཔྱིས་ཕྱིན་པར་བསླབས། ཉིན་ཞིག་ལ་ཁོང་གི་ཐུགས་སུ་སྡེ་དགེའི་པར་ཁང་བཞེངས་པའི་དགོངས་བློ་འཆར།སྒང་གཤོང་འོག་གི་སྤང་ཐོག་ཏུ་ཆབ་གསང་ལ་བྱོན།སྤང་འདིའི་དཀྱིལ་དུ་ས་འབུར་ཞིག་ཡོད་པ་ལས་ཉིན་ཞིག་ཆོས་རྒྱལ་ཆབ་གསང་གཏོང་གྲབས་སྐབས།གློ་བུར་ས་འབུར་དེའི་རྒྱབ་ནས་བྱིས་པ་ཞིག་གིས་དཔེ་ཆ་ཀློག་བཞིན་པའི་སྒྲ་ཞིག་ཐོས།ཁོང་གིས་ས་འབུར་སྐོར་བ་བརྒྱབ་ནས་ཕར་ཉུལ་ཚུལ་ཉུལ་བྱས་ཀྱང་དཔེ་ཆ་ཀློག་པའི་བྱིས་པ་དེ་གཏན་ནས་མ་རྙེད།དེའི་ཕྱི་ཉིན་དང་།ཡང་ཉིན་སོགས་ཉིན་འགའ་མཚམས་ནས་ཁོང་ཆབ་གསང་ལ་ཕེབས་སྐབས་ཡང་སྔོན་མ་ཇི་བཞིན་བྱིས་པས་དཔེ་ཆ་ཀློག་པའི་སྒྲ་དེ་ཐོས་པས།ཅི་འདྲ་བྱས་ནས་བཙལ་ནའང་དཔེ་ཆ་ཀློག་པའི་བྱིས་པས་དཔེ་ཆ་ཀློག་པའི་སྒྲ་དེ་ཐོས་པས།ཅི་འདྲ་བྱས་ནས་བཙལ་ནའང་དཔེ་ཆ་ཀློག་པའི་བྱིས་པ་དེ་མ་རྙེད།དོན་འདི་ཡ་མཚན་ཅན་ཞིག་རེད།དཔེ་ཆ་ཀློག་པའི་སྒྲ་གསལ་པོ་ཐོས་ནའང་ཀློག་པ་པོ་མི་རྙེད་པའི་རྒྱུ་རྐྱེན་ཅི་ཡིན་སྙམ་ནས་ཐུགས་དགོངས་ཞིབ་ཞིབ་བཏང་སྟེ།དཔེ་ཆ་ཀློག་བསམ་པའི་བྱིས་པ་དེས་དཀོན་མཆོག་གསུལ་ལ་གསོལ་འདེབས་བྱས་ནས་མཆོག་གསུམ་རིན་པོ་ཆེས་བདག་ཅག་ལ་རྫུ་འཕྲུལ་སྟོན་པ་མ་རེད་དམ།བྱ་བ་ཅི་འདྲ་ཞིག་བསྒྲུབས་ན་ལེགས་སྙམ་ནས་ཁོང་གིས་ཐུགས་དགོངས་ཡང་ཡང་བཏང་མཐར།ཐོག་མར་པར་འབར་ཞིག་བསྐོས་ནས་པར་རྒྱག་རྒྱུ་བྱས་ན་ལེགས་སྙམ་སྟེ་དེར་ཐུགས་ཐག་བཅད། ཡང་ཉིན་ཞིག་ཁོང་གིས་སྡེ་དགེ་རྒྱལ་པོའི་གདན་གནས་ཉིན་དགོན་ཕོ་བྲང་ནས་མདུན་ཞོལ་ཉེ་འདབས་ཀྱི་དཔེ་ཀློག་གི་སྒྲ་ཐོན་པའི་ས་འབུར་སྟེང་གཟིགས་སྐབས།ཁྱེའུ་རིག་ལྡན་འགས་རྟ་ལུད་དུ་མ་བརྩེགས་ནས་པར་ཁང་བཞེངས་ཞེས་ཡ་མཚན་གྱི་རྩེད་མོ་བགྱིས་པ་དེས་ཁོང་གི་ཐུགས་སུ་བསྟན་འགྲོའི་དོན་དུ་པར་ཁང་ཞིག་བཞེངས་དགོས་པའི་སྐུལ་རྐྱེན་བྱས།ཡིན་ནའང་ཤིང་གི་ཆ་རྐྱེན་མི་ལེགས་སྙམ་པའི་སྐབས་སུ་ཨ་ལོ་དཔལ་འབྱོར་དགོན་དུ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་མོ་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་གཞན་སེམས་ཐུགས་སུ་མཁྱེན་ཅིང་།ཆོས་རྒྱལ་གྱི་དྲུང་དུ་ཕོ་ཉ་བ་མངགས་ནས་ཁྱེད་ཀྱི་ཐུགས་བཞེད་ལྟར་སྒྲུབས་དང་།ཤིང་ཆའི་ཆ་རྐྱེན་སོགས་ཁོང་གིས་བསྒྲིག་ཆོག་ཅེས་གསུང་འགྲིག་གང་ལ་བརྟགས་ན་པར་ཁང་ཆེན་མོ་སྲིད་ན་འགྲན་ཟླ་བྲལ་བ་ཞིག་བཞེང་དགོས་པར་གཟིགས་སོ། གཞན་ཡང་།འབྲི་ཆུ་ནུབ་ཕྱོགས་ཀྱི་ཐང་ཐུག་ཡིད་བཟང་གྲོང་པའི་ལྷ་དབང་ཟེར་བའི་ཁལ་པ་ཞིག་ཡོད་པ་ལ།ཁོང་ནི་ཆུང་དུས་ནས་དཔེ་ཆ་འབྲི་ཀློག་ལ་དགའ་བ་ཞིག་ཡིན།ཉིན་ཞིག་གི་དགོང་མོའི་རྨི་ལམ་དུ་ཁོང་གིས་ཤོག་བུའི་ཐོག་བྲིས་པའི་ཡི་གེ་དེ་རྣམས་ཤིང་ལེབ་ཞིག་ཏུ་སྦྱར་ནས་ཤོག་བུ་མར་བཀོག་ནས་ལྟ་སྐབས།ཤོག་བུའི་ཐོག་བྲིས་པའི་ཡི་གེ་ཐམས་ཅད་ཀྱི་གཟུགས་བརྙན་ཤིང་ལེབ་ཏུ་དོད་ཡོད།ཁོང་གིས་ཤིང་ལེབ་ཐོག་གི་ཡི་གེ་རྣམས་ཡལ་དུ་དོགས་ནས་མྱུར་དུ་གྲི་ཡིས་ཡི་གེའི་གཟུགས་བརྙན་ལྟར་ཤིང་ལེབ་ཐོག་ཏུ་བརྐོས་སོ།དེའི་ཕྱི་ཉིན་རྨི་ལམ་ནང་བཞིན་བྲིས་ཟིན་པའི་ཡི་གེ་ཤིང་ལེབ་ཏུ་སྦྱར་ནས་བརྐོ་རྒྱུའི་མགོ་བཙུགས།དེ་ནས་ཐོག་མར་ཚེ་མདོ་ཞིག་བརྐོས་ཏེ་ལེགས་གྲུབ་བྱུང་བས་སྤྲོ་བ་རབ་ཏུ་འཕེལ།དེའི་རྗེས་སུ་སྡེ་དགེའི་ཆོས་རྒྱལ་རིན་པོ་ཆེས་པར་བརྐོ་རྒྱུ་རེད་ཅེས་པའི་གཏམ་བཟང་ཞིག་ལྷ་དབང་གིས་ཐོས་པས་སྤྲོ་བ་བརྗོད་དུ་མེད་པ་བརྟས་ནས་ཁོས་ལོ་མང་རིང་བརྐོས་པའི་པར་རྣམས་ཁལ་མ་ཞིག་ལ་བཀལ་ནས་ཆོས་རྒྱལ་མདུན་དུ་ཕུལ་བར་ཡོང་སྐབས།སྡེ་དགེ་ཆོས་རྒྱལ་འཛོམས་ཐོག་གམ་སྐོམ(ཀམ)ཐོག་ཏུ་ཕེབས་པ་དང་འཕྲད་ཀྱང་ངོ་མ་ཤེས།ཆོས་རྒྱལ་གྱིས་ཁྱོད་ག་ན་འགྲོ་ཞེས་དྲིས་པའི་ཚེ།ཁོང་ངས་བརྐོས་པའི་པར་གྱི་ཐོག་མ་ཚེ་མདོ་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་ལ་འབུལ་སར་འགྲོ་ཞེས་ཟེར།དེ་ནས་ཆོས་རྒྱལ་གྱི་ཐུགས་དགོངས་སུ་པར་གྱི་ཐོག་མ་འཛོམས་ཐོག་ནས་འཛོམས་པ་པར་ཁང་འཛོམས་པའི་རྟེན་འབྲེལ་ལེགས་སྙམ་ནས་མྱུར་དུ་ཕྱིར་ཕོ་བྲང་དུ་བྱོན་ཏེ་བྲན་འཁོར་རྣམས་ལ་མགྲོན་པོ་ཞིག་འབྱོར་ངེས་པས།གསོལ་སྟོན་ལེགས་པོ་ཤོམས་ཤིག་ཅེས་བཀའ་གནང་།དེ་ནས་ཆོས་རྒྱལ་རིན་པོ་ཆེས་བསུ་བ་སེར་ཕྲེང་དུ་མ་བསྒྲིགས་ནས་བསྒུག།མི་རྒན་ལྷ་དབང་གིས་ཁལ་མ་ཁྲིད་དེ་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེར་སླེབས་ནས་སྔར་ཁྱེའུ་རྣམས་རྩེ་ས་དང་བྱིས་པའི་དཔེ་ཀློག་གི་སྒྲ་ཐོན་སར་སོན་སྐབས།ཁལ་མ་དེ་གློ་བུར་དུ་འདྲོག་ནས་པར་ལེབ་དེ་རྣམས་ས་འབུར་དེའི་གཡས་གཡོན་དུ་གཏོར་ཤོར།ལྷ་དབང་གིས་འཕྲལ་དུ་གཏོར་ཤོར་བའི་པར་ཤིང་རྣམས་ཡར་བསྡུ་སྐབས།ཆོས་རྒྱལ་གྱིས་ཞལ་ནས།རྟེན་འབྲེལ་འགྲིག་སོང་།ཡར་བསྡུ་མི་དགོས།དེ་བཞིན་གཏོར་དུ་ཆུག པར་ཁང་ཆོས་མཛོད་ཆེན་མོ་འདི་རུ་བཞེངས་དགོས་ཞེས་གསུངས།པར་ལེབ་དེ་རྣམས་ད་ལྟའང་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་བཞུགས། སྡེ་དགེའི་པར་ཁང་དངོས་སུ་བཞེངས་ཚུལ།དེ་ནས་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ༡༧༢༩ལོའི་ཧོར་ཟླ༢པའི་ཚེས༢༨ཉིན་ལ་མཁས་བཙུན་གྲུབ་པ་ནམ་མཁའ་དཔལ་བཟང་སོགས་ཀྱིས་ས་འདུལ་དང་བཅས་པའི་རྟེན་འབྲེལ་སྔོན་དུ་སོང་བས་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་བཀའ་འགྱུར་གྱི་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་པ་གསར་སྐྲུན་མཛད།རྗེས་སུ་ས་འབུར་དེ་ཡར་སློག་སྐབས་གསེར་ལུག་གི་མགོ་ཙམ་ཞིག་རྙེད་པས།ཆོས་རྒྱལ་གྱིས་གསེར་དེ་པར་ཁང་བཞེངས་རྒྱུའི་མ་རྟེན་འགྲོ་སོང་བྱེད་དགོས་ཞེས་གསུངས། ཆོས་རྒྱལ་བསྟན་པ་ཚེ་རིང་དགུང་གྲངས་ང་གཉིས་ཐོག་ཏུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཁོང་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་ཞིག་བཞེངས་ཐུབ་ན་བསྟན་འགྲོ་སྤྱི་ལ་ཕན་པ་རྒྱ་ཆེར་འགྱུར་ཞེས་བཀའ་གསུངས་ལྟར།ཁོང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤིང་བརྐོ་རྒྱུའི་ཐུགས་སྤོབས་ཆེན་པོ་བཞེས་ནས།རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ༡༧༢༩ལོའི་ཧོར་ཟླ༧པའི་ཚེས༦ཉིན་ལ་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་མོ་རུ་རྒྱལ་བའི་བཀའ་འགྱུར་མཚལ་པར་གསར་བཞེངས་ཀྱི་ལས་གྲྭ་དངོས་སུ་དབུ་བཙུགས།དེ་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་དག་པའི་ཁུར་བཞེས།ཟླ་བ་བདུན་ཙམ་གྱི་རིང་དུ་གྲ་སྒྲིག་མཛད་ནས།ཞྭ་དམར་དྲུག་པ།མཁས་བཙུན་དམ་པ་བཀྲ་ཤིས་དབང་ཕྱུག་སོགས་དམ་པ་རྣམས་ཀྱིས་འཕྱིང་པ་སྟག་རྩེའི་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་ཕྱིས་སུ་ལི་ཐང་དུ་བཞུགས་པ་དེའི་པར་མ་གཞིར་བཞག་ཅིང་།དེའི་སྟེང་དུ་ཨ་གཉན་པཀྵིའི་ཐུགས་དམ་རྟེན་གྱི་བཀའ་འགྱུར་ཤིན་ཏུ་དག་པ་དང་།གཞན་ཡང་ཚལ་པ་བཀའ་འགྱུར་བ་དང་རྒྱལ་རྩེ་ཐེམ་སྤང་མ།སྣར་ཐང་བཀའ་འགྱུར།དཀར་ཆག་འཕང་ཐང་མ།དཀར་ཆག་ལྡན་དཀར་མ་སོགས་དཔེ་རྒྱུན་རྙིང་མ་ཁུངས་བཙན་འགའ་ཞིག་གོ་བསྡུར་ནས།རིག་པ་སྨྲ་བའི་བློ་གསལ་བ་དུ་མས་འབད་པ་ཆེན་པོས་མི་བཅོས་སུ་མི་རུང་བ་འགའ་ཞིག་བཅོས་ཏེ་དག་པར་མཛད་པའི་ཐོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ༡༧༣༠ལོའི་ཟླ༢པའི་ཚེས༣ཉིན་ཞུ་དག་དངོས་སུ་མཛད་པའི་དབུ་ཚུགས།

པར་རྐོ་རྒྱུའི་གླ་ཡོན་དང་པར་རྐོ་གྲངས་ཀྱི་གོ་རིམ།དེ་ཡང་བཙན་ཤེད་ཀྱིས་མི་སེར་ཁྲལ་རྒྱུག་འདེད་བསྐུལ་མ་ཡིན་པར་གླ་ཡོན་ཡུལ་སྲོལ་ལས་མཐོ་བ་གནང་།ཐོག་མར་པར་གཞི་འབྲི་བར།བྲིས་མཁན་མང་དུ་བསགས་ཏེ་ཁྱུང་པོ་གཡུ་ཁྲིའི་ཡིག་འབྲུའི་ཐིག་ཚད་དང་རོང་པོ་བས་ལྷན་ཐབས་མཛད་པ་ལྟར་ཡིག་འབྲུའི་ཁྱད་ཆོས་བཞི་བཅུའི་མཚན་ཉིད་ཚང་ངེས་སྦྱོང་བཅུག་པའི་ནང་ནས་ཤིན་ཏུ་མཁས་པའི་བྲིས་པ་མི་གྲངས་དྲུག་ཅུ་རེ་ལྔས་པར་གཞི་བྲིས།ཞུ་དག་མཁས་ཅན་མཁན་པོ་རྣམས་ནས་ལན་བཞི་བཞིར་བསྡུར་ཞིང་ཡོངས་སུ་དག་པར་མཛད།པར་རྐོ་བ་ཆིག་སྟོང་ཙམ་གྱི་ནང་ནས་མཁས་ཐག་ཆོད་པ་བཞི་བརྒྱ་ལྷག་ཙམ་བསལ་ཏེ།དེ་དག་གིས་སླ་ཆོས་དང་མགྱོགས་ལས་མིན་པར་མི་རེས་ཉིན་རེར་ལྡེབས་ངོས་རེའི་ནང་སོ་བཞི་རེ་ལས་རྐོ་མི་ཆོག་པའི་བཅའ་ཁྲིམས་བསྡམས་ནས་གཟབ་པར་རྐོས།གཞན་ཡང་པར་ཤིང་དང་ཤོག་བུ་སྣག་ཚ་སོགས་བཟོ་མཁན་དང་།ཞུ་དག་པ།བྲིས་མཁན།གཡོག་མཁན་སོགས་མི་གྲངས་བརྒྱ་ལ་ཉེ་བ་ཙམ་ནས་ལོ་ལྔའི་རིང་བརྩོན་པ་ཧུར་བསྐྱེད་ཀྱིས་བསྐྲུན་པས་ལེགས་པར་གྲུབ་པོ།།དེ་རྣམས་ལ་རྒྱུན་དུ་བཟའ་བཏུང་གྱ་ནོམ་པ་གནང་ཐོག།བར་བར་དུ་སྟོན་དོད་གླ་ཡོན་སོགས་ནོར་ཆེན་བཏང་བས་ཡིད་ཚིམ་པར་བྱས་པས་བཀའ་འགྱུར་པར་ཡོན་འགྲོ་སོང་རགས་རྩིས་སུ་བྱས་ན།བཟང་ཇ་སྤོ་རྩེ་སྟོང་ཕྲག་བདུན་དང་དྲུག་བརྒྱ་ཉེར་གཉིས་ཙམ་སོང་བ་དང་།བཀའ་འགྱུར་པུསྟི་བརྒྱ་དང་བརྒྱད་ཀྱི་པར་གྲུབ་ཟིན་རྗེས་ཞུ་དག་ལན་གྲངས་དུ་མ་བགྱིས་ཏེ་ཡིད་རྟོན་རུང་བར་མཛད།དེ་འཕྲལ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་རིན་པོ་ཆེས་དབུས་དགེ་འདུན་བརྒྱ་ཕྲག་དུ་མས་རབ་ཏུ་གནས་པའི་ཆོ་ག་ལན་གྲངས་སུ་མ་བགྱིས་ཏེ་བཞུགས་སོ།། དེ་མིན་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་པོ་ཏི་བཅོ་ལྔ་དང་།འདོན་ཆོག་རྣམ་བཤད།ཆོས་འབྱུང་།བླ་བརྒྱུད་རྣམ་ཐར་སོགས་པོ་ཏི་དྲུག་ཅུ་ཙམ་པར་དུ་བརྐོས་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་དང་།མཁས་བཙུན་བཀྲ་ཤིས་དབང་ཕྱུག་སོགས་ཀྱིས་ཞུ་དག་མཛད།རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་(སྤྱི་ལོ༡༧༢༧)ལོའི་ཟླ་༢པའི་ཚེས་༡༥ཉིན་འཕགས་བོད་པཎ་གྲུབ་རྣམས་ཀྱིས་བརྩམས་ཤིང་བསྒྱུར་བའི་བསྟན་བཅོས་འགྱུར་རོ་ཅོག་མཚལ་པར་གསར་བཞེངས་ཀྱི་ལས་གྲྭ་དངོས་སུ་དབུ་ཚུགས་ཏེ་པར་དངོས་པོ་ཏི་ཉི་ཤུ་ཙམ་བཞེངས་མཚམས།མི་དབང་དགུང་གྲངས་རེ་གཅིག་སྟེ་ས་ལུག་ལོར་རེ་ཞིག་དགོངས་པ་ཆོས་ཀྱི་དབྱིབས་སུ་ཞལ་ཕྱོགས་སོ།།
  པར་ཁང་གི་རྒྱལ་རབས་རིམ་བྱོན་གྱིས་དར་རྒྱས་གོང་འཕེལ་བཏང་ཚུལ། བླ་ཆེན་ཀུན་དགའ་འཕྲིན་ལས་རྒྱ་མཚོ་ནས་ཡབ་རྗེའི་མཛད་པའི་འཕྲོ་མཐུད་དེ།ཡང་དུ་བསྟན་འགྱུར་གྱི་མ་ཕྱི་སྔར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནས་བཞེངས་པའི་འཕྱོང་རྒྱས་ཕྱིང་བར་སྟག་རྩེའི་ཕོ་བྲང་དུ་ཞ་ལུ་གསེར་ཁང་གི་བསྟན་འགྱུར་གྱི་དཔེ་ལས་མཆེད་པའི་སེ་ར།འབྲས་སྤུངས།ར་ས་འཕྲུལ་སྣང་།འཕྱོང་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་གཅིག་ཏུ་བསྡུས་ཐོག དེར་མ་བཞུགས་པ་གསར་འགྱུར་མདོ་སྔགས་རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་གྲངས་བདུན་བརྒྱ་བརྒྱད་བཅུ་ཙམ་བསྣན་པས།འབོར་བསྡོམས་ཆོས་ཀྱི་རྣམ་གྲངས་བཞི་སྟོང་ཉིས་བརྒྱ་དགུ་བཅུ་ཙམ་བསགས་པར་གངས་ལྗོངས་ཀྱི་མཁས་ཚོགས་བསྡུས་ཏེ་ནན་ཞུས་བགྱིས།དེས་དཔེ་བྱས་ཏེ་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་དཔེ་དང་སྒ་ཨ་གཉན་དམ་པའི་རིགས་དབོན་གྱིས་བཞེངས་པའི་དཔེ།ཀརྨ་པའི་ཐུགས་དམ་རྟེན་བསྟན་པ་ཚེ་རིང་ལ་གནང་བའི་དཔེ་དང་།ཆོས་རྒྱལ་བསྟན་པ་ཚེ་རིང་རང་གིས་བཞེངས་པའི་དཔེ་བཅས་དང་།གཞན་ཡང་བྱམས་ཆོས་སྡེ་ལྔ་སོགས་པར་མ་ཁུངས་དག་གང་འབྱོར་རྣམས་བསྡུས་ན་མ་དཔེ་བྱས་ཏེ།ཞུ་ཆེན་མ་ཧྰ་པནྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་ཐུགས་རུས་ཆེན་པོ་བསྐྱེད་དེ་ཞུ་དག་ལན་མང་པོས་གཟབ་ནན་གྱི་ལན་གྲངས་དུ་མར་དཔྱད་བསྡུར་མཛད་རྗེས་ཡང་དུ་ཞུ་ཆེན་གྱིས་དག་ཐེར་མཛད་ནས་ཡིད་སྟོན་རུང་བའི་དཔེ་ལ།བྲིས་པ་མཁས་ཅན་རང་གི་ས་གནས་སུ་བཞུགས་པ་དང་།ས་གནས་གཞན་ན་གནས་པ་མང་པོ་གདན་འདྲེན་དང་ཞབས་ཏོག་ཞུས་ཤིང་།དེ་དག་གི་ནང་ནས་ཤིན་ཏུ་མཁས་པ་བརྒྱད་བཅུས་དབྱར་ངོ་གསུམ་དང་།ཡང་མི་གྲངས་ཉེར་ལྔས་དབྱར་ངོ་གཉིས་བཅས་ལོ་ལྔ་ཙམ་ནས་པར་གཞི་གྲུབ་པ་སྟེ་པར་རྐོས་ཤིན་ཏུ་བཟང་པོ་མི་ལྔ་བརྒྱས་ལོ་དྲུག་གི་ཁོངས་སུ་ལེགས་འགྲུབ་བྱུང་།པར་ཐོག་ནས་ཡང་ཞུ་དག་ལན་བཞི་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༧༤༢ལོའི་གནམ་ལོ་གསར་ཚེས་ཤར་བ་ལ་བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་གྱི་ཤིང་པར་བརྐོས་ཟིན་ནས།འཛམ་གླིང་ཐོག་འགྲན་ཟླ་བྲལ་བའི་བཀའ་བསྟན་རིན་པོ་ཆེའི་གསུང་པར་ཡིད་རྟོན་ཆོག་པ་འདི་ཉིད་གྲུབ།  གཞན་ཡང་།མ་ཎི་བཀའ་འབུམ་དང་།རྒྱལ་རབས་གསལ་བའི་མེ་ལོང་།བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད།པདྨ་བཀའ་ཐང་ཤེལ་བྲག་མ།བཀའ་ཐང་སྡེ་ལྔ།སྙན་ངག་དནྜིའི་དགོངས་རྒྱན།བཻཌྰུར་དགོངས་རྒྱན།བཻཌྰུར་དཀར་པོ།བཻཌྰུར་སྔོན་པོ།བཻཌྰུ་གཡའ་སེལ།སྙན་སྒྲོན།ཀླུ་འབུམ་དཀར་ནག་ཁྲ་གསུམ།རྒྱལ་སྲས་ཐོགས་མེད་རྣམ་ཐར།ངེས་དོན་སྙིང་པོ་སྟོན་པའི་མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཉེར་གཉིས་ཀྰ་ལིའི་གྲངས་དང་མཉམ་ཆེད་ཆོས་ཚད་བརྒྱད་ཀྱི་ཁ་འགེངས་དང་བཅས་པ།མདོ་སྡེ་བསྐལ་བཟང་།རྒྱལ་ཡུམ་སྟོང་ཕྲག་བརྒྱ་པ་སོསག་ཀྱི་པར་བཞེངས།པར་གཞི་འབྲི་བྱེད་ཤོག་བུ་དང་པར་བརྐོ་གཞི་ཤིང་ལེབ་སོགས་མཐུན་རྐྱེན་གེགས་འགོག་མེད་པ་བྱུང་།
དེ་དག་བཞུགས་ཡུལ་གཙུག་ལག་ཁང་བཞེངས་དགོས་པར་དགོངས་ནས།ས་དཔྱད་ཞིབ་པར་མཛད་དེ།ཡབ་མེས་གོང་མས་བཞེངས་པའི་པར་ཁང་གི་འགྲམ་དུ་བསྟན་འགྱུར་གྱི་གཙུག་ལག་ཁང་ཞིག་བཞེངས་རྩིས་ཀྱི་ཐུགས་བཞེད་གནང་ནས།རབ་བྱུང་བཅུ་གཉིས་ཤིང་བྱི་ལོ་སྟེ་སྤྱི་ལོ༡༧༤༤ལོའི་ཟླ༢པའི་ཚེས་༢༧ཉིན་སྐར་འཛིན་མཛད་དེ་དབུ་བརྩམས།དགེ་སློང་ཚུལ་ཁྲིམས་རབ་བརྟན་དང་།དགེ་སློང་རིན་ཆེན་བཀྲ་ཤིས།དཔལ་འབྱོར་རྒྱལ་མཚན་གསུམ་གཙུག་ལག་ཁང་གསར་བཞེངས་ཀྱི་འགན་བསྐོས།ཡང་དགེ་སློབ་ཚུལ་ཁྲིམས་རབ་བརྟན་ནམ་དོན་འགྲུབ་ཅན་དང་།ཨོ་རྒྱན་ཚེ་རིང་།ལྷུན་གྲུབ་རྒྱལ་མཚན་ཏེ་མིང་དོན་གཉིས་ཀར་དགེ་ཞིང་བཀྲ་ཤིས་པ་གསུམ་གྱིས་ཐིག་བཏབ།ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་མཐར་ཕྱིན་པའི་དགེ་སློང་ནམ་མཁའ་རྡོ་རྗེ།ཏིང་འཛིན་རྡོ་རྗེ།ཀུན་དགའ་རྡོ་རྗེ་སྟེ་མི་འགྱུར་རྡོ་རྗེ་མཐའ་ཅན་གསུམ་གྱིས་རྩིག་རྨང་བརྐོས།ས་སྐྱོང་བླ་མ་མཆོག་གིས་རྩིག་རྨང་འདིང་བ་དང་རྩིག་འགྲམ་བཀོད།དེ་ནས་ཨར་པོ་བ་དང་ཤིང་བཟོ་བ་སོགས་ནས་ཕྱི་ཁོག་བཞེངས་པ་དང་ཚོན་བཏང་།ལྡེབས་རིས་འབྲི་མཁན་རྒྱལ་བ་སྲས་སང་བཅས་པའི་སྐུ་བརྙན།གསེར་ཞུན་ལས་བྲི་མཁན་སོགས་མང་བའི་སྐབས་སུ་མི་གྲངས་སྟོང་ཕྲག་ལྷག་ཙམ་དང་།དེ་ནས་ཀྱང་བརྒྱད་བརྒྱ་བདུན་བརྒྱ་དྲུག་བརྒྱ་སོགས་ལས་ཀའི་སྐབས་དང་བསྟུན་ནས་མཐར་མ་ཕྱིན་བར་དུ་བསྒྲུབས་ནས།ལོ་ངོ་གཉིས་ཀྱི་རིང་དུ་བཞེངས་གྲུབ་པ་བྱུང་། ཆོས་རྒྱལ་བསྟན་པ་ཚེ་རིང་གི་རིགས་སྲས་གསུམ་པ་ཁྲི་ཆེན་བློ་གྲོས་རྒྱ་མཚོ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ལོ་སྟེ་སྤྱི་ལོ༡༧༢༣ལོར་སྐུ་འཁྲུངས།མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང་།སི་ཏུ་ཆོས་ཀྱི་འབྱུང་གནས།ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་སོགས་དབུ་བླར་བསྟེན་ནས་གསར་རྙིང་རིས་མེད་ཀྱི་བཀའ་ཆོས་མང་དུ་གསན།ཁྱད་པར་དུ་གསོ་བ་རིག་པར་ཤིན་ཏུ་མཁས།དབུས་གཙང་དུ་ཕེབས་ཏེ་རྒྱལ་དབང་བདུན་པ་དང་ས་ངོར་གྱི་བསྟན་འཛིན་དུ་མ་དང་།ཁྱད་པར་དུ་ཤར་ཆེན་ཀླུ་ལྡིང་མི་འགྱུར་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་སྡོམ་པ་དང་།གསུང་ངག་ལམ་འབྲས་སོགས་ཟབ་ཆོས་མང་དུ་གསན།གཅེན་པོ་གཤེགས་རྗེས་ཁྲི་རབས་བརྒྱད་པའི་ཁུར་བཞེས།རྗེ་དེ་ཉིད་ཀྱིས་སྔོན་རྗེས་སུ་མཛོད་བདུན་དང་།ཞུ་ཆེན་པའི་གསུང་འབུམ་པོ་ཏི་བཅུ་དྲུག སྨན་ཡིག་གཡུ་ཐོག་ཆ་ལག་བཅོ་བརྒྱད།གསོ་རིག་པར་མན་ངག་གཅེས་བསྡུས།བྱེ་བ་རིང་བསྲེས།དར་མོ་བཀའ་བརྒྱ་མ་སོགས་པོ་ཏི་ལྔ་བཅུ་ཙམ་པར་དུ་བརྐོས། ས་དབང་བདེ་དགའ་བཟང་པོ་ཞིང་དུ་གཤེགས་པའི་སྐབས་སུ།ལྷ་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་སྐུ་ན་ཕྲ་བས།བཙུན་མོ་སྒ་རྗེ་ཚེ་དབང་ལྷ་མོ་ཉིད་ཀྱིས་རྒྱལ་སྲིད་བསྐྱངས་ནས།རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་དང་།ཀུན་མཁྱེན་རིག་འཛིན་འཇིགས་གླིང་བཀའ་འབུམ་པོད་དགུ།ངོར་ཆེན་ཀུན་དགའ་བཟང་པོ་དང་དཀོན་མཆོག་ལྷུན་གྲུབ་གཉིས་ཀྱི་བཀའ་འབུམ་སོགས་པུསྟི་ལྔ་བཅུ་ཉེ་བ་པར་དུ་བརྐོས།རྫོགས་ཆེན་སྙིང་ཐིག་ཡ་བཞི་མཐིང་ཤོག་ལ་གསེར་གྱིས་བྲིས།གཡུ་འབྲུག་ལྷ་ཁང་དང་།དེའི་ནང་བཞུགས་གསེར་ཟངས་ལས་གྲུབ་པའི་སློབ་དཔོན་པདྨ་གཙོ་འཁོར་གསུམ་གྱི་སྐུ་ལེགས་པར་བཞེངས།རྫ་སྟོད་ལུང་དགོན་སོགས་ཀྱི་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད།དེའི་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་སྙན་རྒྱུད་སྐོར་དང་།གདུང་རབས་རིམ་བྱོན་གྱི་རྣམ་ཐར་སོགས་བསྟན་བཅོས་མང་དུ་མཛད་པ་སོགས་རྣམ་དཀར་གྱི་འཕྲིན་ལས་སྤེལ།
དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་དང་རྡོ་རྗེ་སེང་གེའམ་ཨ་ཇ་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་གསང་བདག་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་གནང་བའི་རྒྱུད་སྡེ་ཀུན་བཏུས་དང་།ཀུན་མཁྱེན་གོ་རམས་པའི་བཀའ་འབུམ།རོང་སྟོན་ཤྰཀྱ་རྒྱལ་མཚན་གྱི་གསུང་སྐོར།གཡག་སྟོན་སངས་རྒྱས་དཔལ་གྱི་གསུང་འབུམ།རྗེ་བློ་བཟང་གྲགས་པའི་གསུང་འབུམ།དྭགས་པོའི་བཀའ་འབུམ།ཐོགས་མེད་བཀའ་འབུམ།ལམ་འབྲས་རྣམ་འགྲེལ་དང་བཅས་པ་པར་དུ་བརྐོས།དེ་དག་ལས་རྒྱུད་སྡེ་ཀུན་བཏུས་ནི།སྨན་ཤོད་རྫོང་སར་ཆོས་གྲུ་ཆེན་མོ་རུ་སྤྱི་ལོ༡༨༨༢ལོ་ནས་གསང་བའི་མཛོད་བསྡུས་ཤིང་གཏན་ལ་ཕབ།མེ་ཕག་ལོ་ནས་པར་དབུ་བཙུགས་ཏེ་སྡེ་སྣོད་རབ་འབྱམས་པ་ཐུབ་བསྟན་ལེགས་བཤད་བཟང་པོ་དང་།སྐྱོ་མདའ་གྲུ་བླ་ངག་དབང་ཆོས་འཛིན།ནང་ཆེན་གཙང་མའི་སློབ་དཔོན་མཁའ་གྲུབ་རྒྱ་མཚོ་སོགས་ཀྱིས་པར་གཞི་བྲིས།གནས་ལྔ་རིག་པའི་ཞུ་ཆེན་ལྷག་བསམ་བསྟན་པའི་རྒྱལ་མཚན།རྗེ་མཁྱེན་བརྩེའི་དྲུང་ཆེན་འཇམ་དབྱངས་ལེགས་པའི་བློ་གྲོས།དཀོན་མཆོག་རྒྱལ་མཚན།ཕུན་ཚོགས་རྒྱལ་མཚན།འཇམ་མགོན་བློ་གཏེར་དབང་པོ་དང་།གདོང་ཀ་ཁྲི་རིན་པོ་ཆེ་སོགས་ཀྱིས་ཞུ་དག་མཐར་ཕྱིན་པ་མཛད་ཅིང་།གདོང་ཀ་ཁྲི་རིན་པོ་ཆེ་ངག་དབང་དམ་ཆོས་རྒྱ་མཚོས་དཀར་ཆག་བསྒྲིགས་ནས་ཆུ་འབྲུག་ལོར་ལེགས་གྲུབ་བྱུང་བ་དེ་དག་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་སུ་གསོལ་བ་ཡིན་ནོ།།  ལྷ་སྲས་ཚེ་དབང་བདུད་འདུལ་གྱི་སྐུ་རིང་ལ་འཇུ་མི་ཕམ་གྱི་གསུམ་འབུམ་དང་།མི་ཉག་ཀུན་བཟང་བསོད་ནམས་ཀྱི་བཀའ་འབུམ་སོགས་པར་དུ་བརྐོས།སྔ་ཕྱིར་རྒྱལ་རབས་རིམ་བྱོན་གྱིས་བརྐོས་པའི་པར་ལྡེབས་རིང་ཐུང་ཁྱོམ་བསྡོམས་ཁྲི་ཉི་ཤུ་རྩ་གཅིག་དང་བདུན་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ཐམ་པ།དེ་ལས་ལྷག་པར་སུམ་བརྒྱ་བརྒྱད་ཅུ་བཅས་ཞུགས་སོ།། སྔོན་ཆད་འདི་ན་དཔེ་ཆ་བླུ་མཁན་བོད་ལྗོངས་དང་མཚོ་སྔོན།ཀན་སུའུ།ཡུན་ནན།སི་ཁྲོན།པེ་ཅིན།ནན་ཅིན་སོགས་ཀྱི་ས་གནས་ཁག་གི་དགོན་པ་དང་།ལས་ཁུངས།མི་སྒེར་བཅས་ཡོད་པ་མ་ཟད།ད་རུང་རྒྱ་གར་དང་བལ་པོ།འབྲུག་ཡུལ།འབྲས་ལྗོངས།འཇར་པན།གཞན་ཡང་ཨེ་ཤ་ཡའི་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་ཡོ་རོབ་གླིང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཕྱི་ནང་གི་རིག་གནས་རིག་གཞུང་བརྗེ་རེས་བྱེད་པར་ནུས་པ་གང་ལེགས་འདོན་སྤེལ་ཐུབ་ཡོད།
 སྤྱི་ཚོགས་གསར་པའི་སྐབས་ཀྱི་པར་ཁང་ཆོས་མཛོད་ཆེན་མོ།
ཀྲུང་གོའི་གུང་ཁྲན་ཏང་གིས་དེ་སྔོན་གྱི་སྡེ་དགེ་རྒྱལ་པོའི་ལམ་ལུགས་མེད་པ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་དུ་བཙུགས།སྤྱི་ལོ༡༩༥༨ལོའི་སྤྱི་ཟླ་གསུམ་པ་ནས་བཟུང་བོད་ཁུལ་དུ་བཞི་རྒོལ་འགུལ་སྐྱོད་ཅེས་པའི་ལས་འགུལ་སྤེལ་ཅིང་།པར་ཁང་གི་སྒྲིག་གཞི་རྙིང་པ་དེ་མེད་པར་བྱས་ལ།པར་ཁང་ལས་གྲྭ་པའང་རང་ཡུལ་དུ་ལོག་ནས་ལས་འགུལ་དུ་ཞུགས།ཀྲུང་གུང་སྡེ་དགེ་རྫོང་ཨུ་ཡིས་རྫོང་དྲིལ་བསྒྲགས་པུའུ་དང་།རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ལ་འགན་དཀྲིས་ནས་པར་ཁང་ཆོས་མཛོད་ཆེན་མོའི་ནང་གི་པར་ཤིང་དང་དཔེ་ཆ་ཚང་མ་རྩིས་བཤེར་ཐོ་འགོད་བྱས་རྗེས།པར་འདེབས་དང་དཔེ་ཚོང་གི་བྱ་བ་མཚམས་བཞག པར་ཁང་ཆོས་མཛོད་ཆེན་མོའི་པར་ཤིང་དང་གསུང་རབ་ཐམས་ཅད་རིག་གནས་གནའ་རྫས་ཀྱི་གྲས་སུ་བརྩིས་ནས་གནས་སྐབས་སྒོ་རྒྱ་བྱས།  རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་ནང་འཛམ་གླིང་ཡོངས་སུ་གྲགས་པའི་བོད་གངས་ཅན་གྱི་རིག་གནས་གཏེར་སྙིང་ཡིད་བཞིན་ནོར་བུའི་བང་མཛོད་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་དཔེ་ཆ་དང་།པར་ཤིང་དེ་བསམ་བློ་རྙིང་པ་དང་རིག་གནས་རྙིང་པ།ལུགས་སྲོལ་རྙིང་པ།གོམས་གཤིས་རྙིང་པ་ཞེས་པའི་རྙིང་བཞིའི་གྲས་སུ་བཞག་ནས་གཏོར་བརླག་བྱེད་གྲབས་ཡོད་པ་ཤེས་རྗེས།སྡེ་དགེ་རྫོང་གི་ཧྲུའུ་ཅི་དང་པོ་ཡངས་གླིང་གིས་ཉེན་ཁ་ཆེན་པོར་མ་འཛེམས་ནས་ཐོག་མར་གྱེན་ལོག་ཕྱོགས་ཁག་དང་དམག་དོན་སྐུ་ཚབ་ལ་འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཤུལ་བཞག་རྩ་ཆེན་ཡིན་པས་ཁྱོན་ཚོས་གཏན་ནས་གཏོར་བརླག་བྱ་མི་ཆོག་པ་མ་ཟད།ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་བཤད་ཀྱང་མ་ཉན་པར་མ་ཟད།སྔར་ལས་ལྷག་པར་ཁོང་ལ་བཀས་བཀོད་རིང་ལུགས་དང་།མ་རྩ་རིང་ལུགས།བཟོ་བཅོས་རིང་ལུགས་གསུམ་གྱི་མགྲིན་ཚབ་པར་བརྩིས་ནས་དགག་རྒྱག་རྡུང་རྡེག་དྲག་ཏུ་བཏང་།ཡངས་གླིང་རྡོ་རྗེ་ཁོང་གིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་གཏོར་བརླག་བྱེད་ཉེ་བའི་གནས་ཚུལ་ཡི་གེ་བྲིས་ནས་ཀྲོའུ་ཙུང་ལི་ལ་འཕྲོད།ཀྲོའུ་ཙུང་ལིས་འཕྲལ་དུ་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་སྲུང་སྐྱོབ་ཀྱིས་ཤིག་ཅེས་པའི་བཀའ་གསུང་གནང་ཞིང་།རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཐག་བཅད་པ་ལ་བརྟེན་ནས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་འཇིག་པའི་ཉེན་ཁ་ལས་བསྐྱབས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཉི་འོད་གངས་ལྗོངས་ཀྱི་མུན་གླིང་ཀུན་ཏུ་ཁྱབ་པ་དང་ལྷན་དུ་ཆོས་དད་རང་མོས་ཀྱི་སྣང་བ་གསར་པ་ཡང་གངས་ལྗོངས་ཀུན་ཏུ་ཐོབ།སྤྱི་ལོ༡༩༨༩ལོའི་ཟླ་བ༥པར་སྡེ་དགེ་རྫོང་རིག་དངོས་བདག་གཉེར་ཁང་གསར་དུ་བཙུགས།  སྤྱི་ལོ༡༩༨༠ལོའི་ཟླ༧པའི་ཚེས༧ཉིན་ལ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྡེ་དགེ་པར་ཁང་འདི་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ལས་ཁུངས་གལ་ཆེན་དུ་བརྩིས་ནས་རིག་དངོས་དོ་དམ་གྱི་སྒོ་བྱང་སྦྱར།ངག་དབང་ཚེ་རིང་དང་བཀྲ་ཤིས་རྡོ་རྗེ་གཉིས་ཀྱིས་པར་དཔོན་རྒན་གཞོན་མཛད་ནས་ཆོས་མཛོད་ཁང་དུ་ཤྰཀྱ་ཐུབ་པ་དང་།འོད་དཔག་མེད།ཕྱག་རྡོར།ས་པཎ།སྒྲོལ་མ་སོགས་བཞེངས།མགོན་ཁང་དུ་གནས་བརྟན་བཅུ་དྲུག་དང་གུ་རུ་མཚན་བརྒྱད།ཉེ་སྲས་བརྒྱད།དཔལ་མགོན་ཞལ།གུར་མགོན།རྒྱལ་ཆེན་སྡེ་བཞི།རི་དྭགས་ཆོས་འཁོར།གསེར་དངུལ་བཀྲ་མའི་རྒྱ་གླིང་།མཆོད་ཆས་སོགས་བཞེངས།ཤིང་པར་འབུམ་དུམ་པ་བཅུ་གཉིས་དང་གྲྭ་ཏོག་གསེར་གསུམ།ས་སྐྱའི་འདོན་ཚོགས་སྐོར་གསར་དུ་བརྐོས།  སྤྱི་ལོ༡༩༨༣ལོར་སྐལ་དགའ་དང་བཀྲ་ཤིས་རྡོ་རྗེ།བསྟན་དམར་བཅས་ཀྱིས་པར་དཔོན་རྒན་གཞོན་གྱི་འགན་མཛད་ནས་མི་ཕམ་བཀའ་འབུམ་གྱི་ཁ་སྣོན་ཚད་མ་རྣམ་འགྲེལ་དང་།མཁས་འཇུག།སྐད་གཉིས་ཤན་སྦྱར་སོགས་པར་ཤིང་གསར་དུ་བརྐོས།རིན་ཆེན་གཏེར་མཛོད་ཆེན་མོའི་ཙཀླི་དང་བཅས་བརྐོ་རྒྱུའི་དབུ་བཙུགས།ལྷ་པར་དཀོན་པའི་རིག་གནས་བརྟན་ཞལ་ཐང་དང་།གུ་རུ་མཚན་བརྒྱད་ཀྱི་དགུ་ཐང་།ཆོ་འཕྲུལ་སྨོན་ལམ་གྱི་ཞལ་ཐང་བཅོ་ལྔ།སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཞལ་ཐང་དང་།གཟུངས་རིགས་གཟུངས་ཆེན་སྡེ་ལྔ་དང་གསར་རྙིང་གཟུངས།དཀྱིལ་འཁོར་ཇོ་དར་སོགས་གསར་དུ་བརྐོས། དེ་ནས་སྡེ་དགེ་པར་ཁང་གིས་བོད་སྨན་ཁང་གི་མཁན་པོ་ཁྲོ་རུ་ཚེ་རྣམ་སོགས་གདན་དྲངས་ནས་དངུལ་ཆུ་བཙོ་བཀྲུ་དང་གྲང་སྦྱོར་ཆེན་མོ་སོགས་རིན་ཆེན་གྱི་རིགས་ཁག་དང་སྨན་སྣ་བརྒྱ་ལྷག་བསྡུ་སྦྱོར་མཛད།
སྤྱི་ལོ༡༩༨༦ལོའི་ཟླ༩པའི་ཚེས༣ཉིན་ལ་ཨུ་ཡོན་ཀྲང་གཞོན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྡེ་དགེ་པར་ཁང་དུ་གཟིགས་ཞིབ་ཕེབས་སྐབས་སུ་ཁོང་གིས།འཇིག་རྟེན་མིག་འབྱེད་གསུང་རབ་སྡེ།།ལེགས་ཉེས་གསལ་བའི་མེ་ལོང་ཡིན།།རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ།།སྐྱེ་རྒུར་ཕན་པའི་སྨན་གྱི་མཚོ།།སྡེ་དགེ་པར་ཁང་ཆེན་མོ་ཞེས།།ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས།།སྔོན་རྗེས་བཟང་པོའི་གཞི་ཐོག་ནས།།ཕྱི་རྗེས་ཆེན་པོ་འཇོག་པར་འཚལ།།ཞེས་བསྔགས་བརྗོད་ཀྱི་ཕྱག་བྲིས་དང་རབ་གནས་བཅས་གནང་།
ཤྰཀྱ་དང་བསྟན་དམར།སྐལ་དགའ་བཅས་པར་དཔོན་རྒན་གཞོན་འགན་བཞེས་རིང་པར་ཁང་ཉམས་གསོ་མཛད་པའི་ཞོར་དུ་པར་ཤིང་གསར་དུ་རིན་ཆེན་གཏེར་མཛོད་ཆེན་མོའི་ཙཀླི་དང་བཅས་ཡོངས་རྫོགས་བརྐོས་འདུག གཞན་ཡང་ལྷ་པར་རིག་གནས་སྲས་རྐྱལ་བརྒྱད་ཞལ་ཐང་དང་།བསམ་ལྷུན།བར་ཆད་ལམ་སེལ།སྨན་གྱི་ཞང་བློན་བཀའ་སྲུང་སྡེ་དགུའི་ཞལ་ཐང་།གེ་སར་ཞལ་ཐང་།བོན་རྫོགས་ཆེན་གྱི་སྐོར་སོགས་བརྐོས།ཀརྨ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་ལས་མངོན་མཛོད་དང་།ཚད་མ་རིག་གཞུང་རྒྱ་མཚོ།ཆགས་མེད་བདེ་སྨོན་འགྲེལ་པ།ཀློང་ཆེན་པའི་གསུང་འཐོར་སྐོར།འཇིགས་གླིང་གི་གསུང་སྐོར་བཅས་བརྐོས།མ་ཚད་སྡེ་དགེ་པར་ཁང་གིས་པར་ཁང་དཀར་ཆག་རྩོམ་སྒྲིག་ཚོ་ཆུང་དངོས་སུ་བཙུགས།ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ལོ༡༩༨༤ལོའི་ཟླ༤པའི་ཚེས༡༨ཉིན་པར་ཁང་ཉམས་གསོ་སྙན་ཞུ་ལ་དངོས་སུ་ཆོག་མཆན་ཐོབ།པར་ཁང་ཞིག་གསོ་འགོ་ཁྲིད་ཚོ་ཆུང་གསར་དུ་བཙུགས།རྫོང་དཔོན་གཞོན་པ་ཀྲའོ་གོ་ཡིས་ཚོ་དཔོན་དང་།རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཆོག་སྤྲུལ་ཐུབ་བསྟན་ཚེ་རིང་ཚོ་དཔོན་གཞོན་པའི་འགན་བཞེས།དེ་ནས་སྤྱི་ལོ༡༩༨༧ལོའི་ཟླ་དགུ་པར།དཀར་མཛེས་ཁུལ་ཨུའི་བཀའ་གསུང་ལྟར།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མཁྱེན་རབ་ཀྱིས་ཁུལ་ལས་ཁུངས་ཆེན་མོ་བཞིའི་ཚབ་གནང་ནས་ལས་སྒྲུབ་ཚོ་ཆུང་ཁྲིད་དེ་སྡེ་དགེ་ལ་པར་ཁང་ཞིག་གསོའི་འཆར་གཞི་འགོད་རྒྱུར་རོགས་སྐྱོར་ཕེབས།དེ་ནས་པར་ཁང་ཉམས་གསོའི་འགོ་ཁྲིད་ཚོ་ཆུང་གིས་སྤྱི་ལོ༡༩༨༨ལོའི་ཟླ༡༠པའི་ཚེས༣ཉིན་དངོས་སུ་ལས་འགོ་བཙུགས་ནས།སྔར་གྱི་གཙུག་ལག་ཁང་སོར་བཞག་བྱས་ཐོག་དེའི་གྱང་རྐང་སྲ་བརྟན་གྱི་ཆེད་དུ་རྩིག་ངོས་སུ་ཞིག་རལ་སོང་བ་རྣམས་སུ་རྩིག་ལྷན་བརྒྱབ་པ་དང་།རྩིག་གདན་དུ་ཆུ་ཡིས་འཇིགས་པ་སྐྱོབ་ཕྱིར་ས་འོག་ཏུ་ཡུར་བ་ཟབ་མོ་དང་ནང་ལོག་ཏུ་ཀ་གདུང་འཁྱོག་རུལ་སོང་བ་དང་པར་ཁྲི་རྙིང་པ་ཆག་གྲུམ་ཁད་སྒོ་དཀར་བཅས་ཡོངས་སུ་གསར་བར་བརྗེས་ནས་བརྐོས་རིས་ཀྱང་སྔོན་ལས་ལྷག་པ་དང་ཚོན་མདངས་བཀྲ་བར་བཏང་།སྔར་གྱི་ལྡེབས་བྲིས་རྣམས་ཀྱི་རི་མོ་དང་ཚོན་རྩི་ཡལ་བ་དག་ཀྱང་ཡུལ་དེའི་ལྷ་རིས་པ་མཁས་མང་བསྡུས་ནས་རི་མོའི་བཅད་མདངས་སོགས་གསར་དུ་བརྒྱབ་སྟེ་ཆ་ཚད་ཉམས་འགྱུར་བཅས་འབུར་དུ་ཐོན་པ་དང་།སྔར་མེད་གསར་བཟོའི་ལྡེབས་རིས་ཀྱང་མང་དུ་ཡོད།གཞན་ཡང་གཙུག་ལག་ཁང་གི་ཟུར་གྱི་སྒོ་ཆེན་དཀྱིལ་དུ་སྤོས་པ་དང་སྟེང་དུ་སྤེན་རྒྱན་མཐོ་རུ་འདེགས་པ།ཡང་སྟེང་དུ་ཟངས་གསེར་ལས་གྲུབ་པའི་གསེར་ཏོག་དང་ཆོས་འཁོར།གསེར་བྱ།རྒྱལ་མཚན་བཅས་བཞེངས་པ།བོད་ཀྱི་ཁྱད་ཆོས་ལྡན་ཞིང་བཟོ་བཀོད་ཀྱང་སྔར་བས་ཁྱད་དུ་འཕགས་པ་ཞིག་ལེགས་གྲུབ་བྱུང་ཡོད།
 སྤྱི་ལོ༡༩༩༡ལོའི་ཟླ་༡༠པའི་ཚེས༡ཉིན་པར་ཁང་ཞིག་གསོ་ཡོངས་སུ་ལེགས་གྲུབ་བྱུང་བའི་རབ་གནས་ཀྱི་མཛད་སྒོ་སྤེལ།
སྤྱི་ལོ༡༩༩༥ལོར་ག་ལུག་དང་བསྟན་དམར།སྐལ་དགའ་བཅས་ཀྱིས་པར་དཔོན་རྒན་གཞོན་གྱི་འགན་བཞེས་ནས་པར་ཤིང་གསར་བ་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་སྡོམ་གསུམ་འཇམ་དབྱངས་དགོངས་རྒྱན་སོགས་བརྐོས། བསོད་རྒྱལ་དང་།བྱང་དགའ།བསྟན་དམར་བཅས་ཀྱིས་པར་དཔོན་རྒན་གཞོན་འགན་བཞེས་ནས་པར་ཤིང་གསར་དུ་ཕག་གྲུ་བཀའ་འབུམ་དང་།སི་ཏུ་པདྨ་ཉིན་བྱེད་ཀྱི་བཀའ་འབུམ་བཅས་བརྐོས། པ་སངས་དང་།བྱང་དགའ།བསྟན་དམར་བཅས་ཀྱིས་པར་དཔོན་རྒན་གཞོན་གྱི་འགན་བཞེས་ནས་པར་ཤིང་གསར་དུ་པཎ་ཆེན་ཤྰཀྱ་མཆོག་གི་བཀའ་འབུམ་བརྐོ་འགོ་བརྩམས་པ་དང་།ཞྭ་དམར་དཀོན་མཆོག་ཡན་ལག་གི་འདུལ་བའི་སྐོར་སོགས་བརྐོས། སྤྱི་ལོ་ཉིས་སྟོང་གསུམ་ལོར་སྤྲུལ་སྐུ་ཚེ་དབང་འཇིགས་མེད་དང་།ཚངས་བཀྲ།བསྟན་དམར་བཅས་ཀྱིས་པར་དཔོན་རྒན་གཞོན་གྱི་འགན་བཞེས་ནས་པར་ཤིང་གསར་དུ་པཎ་ཆེན་ཤྰཀྱ་མཆོག་ལྡན་གྱི་བཀའ་འབུམ་བརྐོ་མཇུག་རྫོགས།སི་ཏུ་པདྨ་ཉིན་བྱེད་ཀྱི་གསུང་འབུམ་དང་འབྲི་གུང་བཀའ་འབུམ།མར་པའི་བཀའ་འབུམ།གྲུབ་མཐའ་ཁག་ལྔའི་ཆོས་འབྱུང་སོགས་བརྐོས།ལྷ་པར་རིགས་མཁྱེན་བརྩེ་དང་ཀོང་སྤྲུལ་བླ་བརྒྱུད་ཞལ་ཐང་།གྲུབ་མཐའ་ལྔའི་གཙོ་བོའི་ཞལ་ཐང་བརྐོས།མི་དམངས་ཤོག་སྒོར་ཁྲི་སུམ་བརྒྱ་ལྷག་བཏང་ནས་ཁང་པའི་སྟེང་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་ཨར་ག་བརྡུངས་པ་དང་།ཁོར་ཡུག་ཏུ་རྡོ་གཅལ་བསྒྲིགས།ལྷ་ཁང་གི་རྒྱན་ཆས་ཡོངས་རྫོགས་གསར་དུ་རྡུང་བཟོ་མཛད།ཆོས་མཛོད་ཁང་དུ་གྲུབ་མཐའ་ལྔས་གཙོ་བོ་བྱས་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པའི་འདྲ་སྐུ་བརྒྱད་ཙམ་བཞེངས།མགོན་ཁང་ནང་གི་གྱང་ལྷའི་ལོགས་བྲིས་མཐོར་ཞིག་སོང་བ་གསར་དུ་ཐང་ཀ་སྔོན་ལུགས་བཞིན་གྱི་བཟོ་བཀོད་མཛད་ནས་རང་བྱུང་རྡོ་ཚོན་རི་མོ་ཀ་ཤོག་བཅུ་གཅིག་བྲིས།པར་ཁང་ནང་གི་ཤིང་ཆ་ལས་གྲུབ་པའི་རིགས་ལ་རྐོས་རིས་དང་ས་ཚོན་སོགས་བཏང་།དེ་སྔོན་འགྲོ་གྲོན་གྲངས་མང་བཏང་ནས་འབྲི་བཀོད་བྱས་པའི་པར་ཁང་དཀར་ཆག་ཞིབ་རྒྱས་པོད་ཉི་ཤུ་ཡོང་བ་དེ་ཉིད་ཐེབས་རྩ་ཚོགས་པ་སོགས་དང་དཔལ་འབྱོར་གྱི་འབྲེལ་བ་མཛད་ནས་པར་དུ་སྐྲུན་བཞིན་ཡོད།གཞན་ཡང་ཕྱི་རྒྱལ་ཨོ་གླིང་གནའ་ཤུགས་གྲགས་ཅན་གྱི་གྲས་སུ་འཛུགས་ཐུབ་པའི་དྲིལ་བསྒྲགས་ཀྱི་ཕྱག་ལས་གྲངས་མང་དུ་སྤེལ་ནས་གྲུབ་འབྲས་ལེགས་པོ་ཐོབ་བཞིན་ཡོད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།