ཁམས་རྒྱལ་ཐང་ནས་གྲགས་པའི་གསེར་གྱི་རྒྱ་གླིང་། ༼གླུ་མ་ཀརྨ་བཅིངས་འགྲོལ་སྒྲོལ་མ།༽

ཨོ་རྒྱན་དོན་གྲུབ།        2014-04-29

ཁམས་རྒྱལ་ཐང་ནས་གྲགས་པའི་གསེར་གྱི་རྒྱ་གླིང་། ༼གླུ་མ་ཀརྨ་བཅིངས་འགྲོལ་སྒྲོལ་མ།༽
 

ས་ལ་གཡང་ཆགས་ཤིང་མི་ལ་དཔའ་མཛངས་ལྡན་པའི་ཁམས་རྒྱལ་ཐང་གནའ་གྲོང་རིང་མོའི་གཏེར་ལུང་གཡང་ལྡན་ཕྱུག་མོ་ཞེས་གྲགས་པའི་ས་ཆ་དེ་རུ།འགྲོ་འདུག་ལ་རང་ཚུགས་ལྡན་ཞིང་ལས་ཀ་ལ་ཕུགས་འདུན་ཡོད་པའི་བུ་མོ་ཆུང་ཆུང་ཞིག་གིས་ཡུལ་སྡེའི་རྒན་རབས་དག་གི་དྲུང་དུ་ཅི་ཞིག་ལ་སྦྱོང་འདོད་དང་གང་ཞིག་ལ་ཤེས་འདོད་ཀྱིས་སྤྱང་གྲུང་གཉིས་ལྡན་གྱི་མིག་ཟུང་ཧྲིག་ཧྲིག་དང་།རྣ་བ་ཀྲོང་ཀྲོང་ངང་ཧ་ཅང་གཟབ་ནན་གྱིས་དམངས་ཁྲོད་ཀྱི་གླུ་གཞས་དང་དབྱངས་རྟ།མེས་པོའི་གཏམ་རྒྱུད།གནའ་སྒྲུང་སོགས་ལ་ཉན་ཞིང་།དམངས་ཁྲོད་ཀྱི་གླུ་གཞས་རེ་རེ་དབྱངས་ལ་བཀུག་ཅིང་ངག་ལ་བསྐྱོར་ཏེ་དྲི་མས་མ་གོས་པའི་བྱིས་བློའི་སེམས་པས་དེ་དག་ལ་དུངས་ཞེན་དང་མཚར་སྣང་ཞིག་ཀྱང་ངང་གིས་སྐྱེས།བུ་མོ་ཆུང་ཆུང་དེའི་མིང་ལ་ཀརྨ་བཅིངས་འགྲོལ་སྒྲོལ་མ་ཞེས་ཐོགས་ཤིང་མི་རབས་ནས་མི་རབས་བརྒྱུད་པའི་ཡུལ་སྡེའི་ལོ་རྒྱུས་དང་།མེས་པོ་གོང་མ་རྣམས་ཀྱི་བློ་རིག་ལས་འཁྲུངས་པའི་ལ་གླུ་དང་མཛའ་གཞས།ངལ་རྩོལ་གྱི་གཞས་སོགས་དམངས་ཁྲོད་རིག་གནས་ཀྱིས་ཁོ་མོར་ཤུགས་རྐྱེན་ཐེབས་ཤིང་མི་ཚེའི་བཤུལ་ལམ་རིང་མོར་སྒྱུ་རྩལ་གྱི་ཞིང་ས་རུ་འཚོལ་སྙེག་གི་གོམ་སྟབས་གླུ་དབྱངས་ལ་ཕྱོགས་པའི་རྟེན་འབྲེལ་གྱི་ཐོག་མའང་དེ་ནས་འགྲིག་པ་ལོས་ཡིན།

དམངས་ཁྲོད་གླུ་ངག་གི་དབྱངས་རྟས་ཁོ་མོའི་ངག་སྙན་མོར་གྲོགས་སུ་བསྡོངས་ལ།ཡུལ་སྡེ་བའི་གར་རྩེན་གྱི་སྟངས་སྟབས་དེ་ཁོ་མོའི་ལུས་ཟོར་ལྡེམ་མྱུར་གྱི་དཔལ་དུ་འཁྱུད་ཅིང་རང་ལོ་དགུ་ལ་ལོན་སྐབས་སྡེ་བའི་སློབ་གྲྭར་ཞུགས་ཤིང་།ལྷན་སྐྱེས་སུ་གྲུབ་པའི་སྐད་ངག་སྙན་མོ་དེས་སློབ་གྲྭའི་ར་བ་ནས་ལ་གླུ་སོགས་དམངས་ཁྲོད་ཀྱི་གླུ་དབྱངས་ཁག་ཅིག་ངག་ལ་གྱེར་བས་དགེ་སློབ་ཀུན་ཧ་ལས་ཤིང་ངོ་མཚར་བར་གྱུར།གླུ་གར་སྒྱུ་རྩལ་ལ་དུངས་ཞེན་དང་སྤྲོ་སྣང་ནི་ཁོ་མོའི་གཤིས་རྒྱུད་དུ་མ་བཅོས་རང་བྱུང་གིས་གྲུབ་པས།རྒྱུན་པར་དགེ་རྒན་དང་སློབ་གྲོགས་ཚོར་ཁོ་མོའི་མགྲིན་པའི་སྐད་ངག་སྙན་མོས་སྤྲོ་བ་བསྐྱེད་ཅིང་ལྡེམ་མྱུར་གར་གྱི་སྟངས་སྟབས་ཀྱིས་དགའ་བ་བསྩལ་མྱོང་ཡོད།བཀའ་དྲིན་ཅན་གྱི་དགེ་རྒན་དེ་དག་གིས་ཁོ་མོའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དང་སློབ་སྦྱོང་ལ་སྡུག་རུས་ཆེ་བའི་རྣམ་པ་མཐོང་སྟེ་སྐུལ་ལྕག་དང་རེ་བཅོལ་གང་མང་གནང་བས།ཁོ་མོས་གླུ་གར་སྒྱུ་རྩལ་ལ་གཏད་པའི་ཕུགས་ཀྱི་འདུན་མ་དེ་རུ་སྔར་ལས་ལྷག་པའི་ཡིད་ཆེས་དང་སྙིང་སྟོབས་ཀྱིས་ཀུན་ནས་བརྟས།དེ་ལྟར་ལོ་ཡི་འཁོར་མོ་རིམ་གྱིས་འདས་ཏེ་རང་ལོ་བཅུ་དྲུག་གི་ལང་ཚོས་རིག་པའི་བདུད་རྩིར་ཚིམས་མེད་དུ་རོལ་བའི་ཉིན་ཞིག་ལ་ཡུན་ནན་དམག་ཁུལ་གྱིས་གླུ་གར་བ་བསྡུ་བའི་བརྡ་ཐོ་ཞིག་སློབ་གྲྭར་འབྱོར་བྱུང་།དེ་ནི་ཁོ་མོར་མཚོན་ན་མི་ཚེའི་འདུན་མ་མངོན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཐོག་མ་དེ་ལོས་ཡིན།  ཁོ་མོའི་སེམས་སུ་དམག་ལ་ཞུགས་ན་ཚེ་གཅིག་ལ་དམག་མི་བྱེད་དགོས་པའི་ངེས་པ་མི་འདུག་ལ་གཙོ་བོ་རང་ལ་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཐོབ་ན་དེ་རེད་འདོད་དེ།རང་ཐག་རང་གིས་བཅད་ནས་རྒྱལ་ཐང་རྫོང་མཁར་དུ་ཕྱིན་ཏེ་ངོ་རྒྱུགས་ལ་ཞུགས།ངོ་རྒྱུགས་ཀྱི་སྐབས་སུ་ཁོ་མོས་ཕ་ཡུལ་གཏེར་ལུང་གི་རྒན་རབས་དག་གི་དྲུང་ནས་སྦྱོང་བའི་ཁྱད་ཆོས་ལྡན་པའི་དམངས་གཞས་ཤིག་ངག་ལ་གྱེར་པས་དེར་འདུས་ཀྱི་རྒྱུགས་ལེན་པ་དང་སྐར་འགོད་པ་སོགས་ཧ་ལས་ཏེ་དུས་ཐོག་ཏུ་དམག་ཁུལ་དུ་བསྡུ་ལེན་བྱ་རྒྱུའི་གྲོས་ཐག་བཅད།དེ་ནི་ཁོ་མོར་མཚོན་ན་འདོད་ཐོག་ཏུ་རྟ་རྒྱུག་པ་དང་དུས་ཐོག་ཏུ་ཆར་བབ་པ་ཡིན་པས་འཚོལ་སྙེག་གི་གོམ་སྟབས་སྔར་ལས་བརྟན་པར་གྱུར།དམག་ཁུལ་གྱི་སྒྲིག་ལམ་ནི་དམ་ཞིང་བཙན་པོ་ཡིན་པས་ཁོ་མོ་ནི་སྔར་ལས་ཀྱང་བློ་སྤོབས་ཅན་དང་སྒེར་ཚུགས་ཅན་དུ་བཏང་།དམག་ཁུལ་དེ་ནས་དེང་རབས་ཀྱི་གླུ་དབྱངས་དང་།གར་གྱི་སྟངས་སྟབས་སོགས་ལ་སྡུག་རུས་ཀྱིས་སྦྱོང་བ་བྱས་པས་འབྲས་བུ་ཡང་ཕུན་སུམ་ཚོགས་པ་སྨིན།དེ་ནས་གོང་རིམ་དབུ་ཁྲིད་དག་གིས་ཁོ་མོ་བོད་ལྗོངས་དང་།སི་ཁྲོན།ཞིན་ཅིང་སོགས་ཕྱོགས་མང་པོའི་དམག་ཁུལ་དུ་གླུ་གར་འཁྲབ་སྟོན་ལ་མངགས་པས།ཁོ་མོས་གླུ་གར་གྱི་སྟེགས་བུ་རེ་རེ་ནས་ཕ་ཡུལ་གྱི་དམངས་གླུ་དང་།དུས་དར་གྱི་གླུ་དབྱངས་རེ་རེ་ངག་ལ་གྱེར་བས་དེར་འདུས་ཀྱི་ལྟད་མོ་བ་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་གླུ་མ་མིང་གྲགས་ཅན་ཞིག་ཏུ་འགྱུར་བའི་མགོ་བརྩམས།ཁོ་མོས་སྔར་བཞིན་སྦྱང་བརྩོན་གྱི་གོམ་སྟབས་མ་ལྷོད་པར་ཕ་ཡུལ་གྱི་དམངས་གླུ་ལ་སྦྱོང་བ་བྱས་པའི་དན་རྟགས་སུ་སྤྱི་ལོ༢༠༠༤ལོར་ཕ་ཡུལ་གྱི་དམངས་གླུའི་དབྱངས་རྟ་གཙོ་བོ་བྱས་པའི་ཕ་སྐད་གཙང་མའི་ཟེར་སྡེར་ཐོག་མ༼ཕ་ཡུལ་གྱི་སྙན་གཞས༽ཞེས་པ་དང་།༼གླུ་གར་འཁྲབ་བཞིན་འོང༽ཞེས་པའི་ཟེར་སྡེར་གཉིས་སྔ་ཕྱིར་འགྲེམ་སྤེལ་བྱས་པས་བོད་ཁམས་སུ་དགའ་བསུ་ཚད་མེད་ཐོབ་པས།ཁོ་མོས་ཕ་ཡུལ་གྱི་ལ་གཞས་དང་མཛའ་གཞས་སོགས་དམངས་ཁྲོད་རིག་གནས་ལ་དུངས་ཞེན་སྔར་ལས་ཆེ་བར་གྱུར་ཏེ་བོད་ཀྱི་ས་གནས་མང་པོར་དམངས་ཁྲོད་ཀྱི་གླུ་གཞས་དང་དབྱངས་རྟ་སོགས་སྔོག་འདོན་དང་དར་སྤེལ་བྱ་རྒྱུའི་ཀུན་སློང་གཙང་མའི་སེམས་ཤུགས་ཤིག་འཁྲུངས།ལོ་དེར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི༼དམངས་གཞས་འགྲན་བསྡུར༽ལས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་།རྒྱལ་ཡོངས་མི་རིགས་ཀྱི་མཛངས་མའི་འགྲན་བསྡུར་དུ༼བོད་ཀྱི་མཛངས་མ༽ཞེས་པའི་གཟེངས་རྟགས་ཐོབ་པས་གླུ་མ་བཅིངས་འགྲོལ་སྒྲོལ་མ་ཞེས་མིང་གི་སྙན་པའང་རྒྱལ་ཡོངས་གསེར་ལྡན་འཛིན་མའི་རི་ལུང་ཀུན་ཏུ་ཁྱབ།ཁོ་མོས་ཆོ་ལོ་དེ་ཙམ་ལ་ཆོག་ཤེས་མི་འཛིན་པར་སྔར་གྱི་ཕུགས་འདུན་དང་རེ་སྙེག་ལ་བརྩོན་པའི་རྒྱུན་མཐུད་དེ་ཡུན་ནན་དམག་ཁུལ་ནས་ཕྱིར་བུད་ཅིང་དམངས་ཁྲོད་ཀྱི་གླུ་གཞས་དང་དབྱངས་རྟ་འཚོལ་སྡུད་ཀྱི་བྱ་གཞག་གི་འགོ་བརྩམས།

ཕྱོགས་སོ་སོའི་རྒན་རབས་དག་གི་དྲུང་ནས་གནའ་བོའི་དབྱངས་རྟ་དང་དམངས་གླུསོགས་ཡིག་ཐོག་ལ་ཕབ་པ་དང་།  དེང་རབས་དུས་དར་གླུ་དབྱངས་སོགས་ལ་ཟུར་སྦྱོང་བྱས་པས་སླར་ཡང༼སེམས་ཀྱི་སྒྲ་དབྱངས༽ཞེས་པ་དང་།༼སྤྲོ་དགའི་ལྷན་འཛོམས་༽ཞེས་པའི་ཟེར་སྡེར་གཉིས་སྔ་ཕྱིར་འགྲེམ་སྤེལ་བྱས་པས་དགེ་རྒན་དང་རོལ་དབྱངས་ཆེད་མཁས་པ་སོགས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོས་ཁོ་མོའི་དུས་ཐུང་ངུ་རུ་བརྩོན་པའི་འབྲས་བུ་ལ་གདེངས་འཇོག་མཐོན་པོ་གནང་བར་མ་ཟད།མ་འོངས་པར་ཁོ་མོ་བཞུད་དགོས་པའི་གླུ་དབྱངས་སྒྱུ་རྩལ་གྱི་བགྲོད་ལམ་དུ་ཁ་ཚ་དགོས་གཏུག་གི་མན་ངག་དང་མཛུབ་སྟོན་གལ་ཆེན་གནང་།
ཁོ་མོས་གླུ་གར་སྒྱུ་རྩལ་གྱི་མཁའ་དབྱིངས་སུ་ཅི་དགར་ནམ་འཕང་གཅོད་དགོས་ན་རང་ཉིད་ལ་ད་ཡོད་ཀྱི་ཆུ་ཚད་ཀྱིས་མི་འདང་བ་ཤེས་ནས།སྤྱི་ལོ༢༠༠༦ལོར་པེ་ཅིན་རོལ་དབྱངས་སློབ་ཆེན་དུ་ཞུགས།  སློབ་གླིང་དེ་ག་ནས་བགྲང་བྱ་འགའི་རིང་ལ་སྒྱུ་རྩལ་བ་དང་རོལ་དབྱངས་དགེ་རྒན་གང་མང་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ།རང་ཉིད་ལ་སྔར་ཡོད་དམངས་ཁྲོད་གླུ་གཞས་ཀྱི་རྨང་གཞིའི་སྟེང་དུ་དེང་རབས་གླུ་དབྱངས་ཀྱི་དབུག་གི་གཏོང་ལེན་དང་དབྱངས་ཀྱི་འགུགས་ལུགས་སོགས་ཟུང་དུ་སྦྲེལ་ནས་སྐོམ་པས་ཆུ་འདོད་ལྟར་འབད་པ་ལྷུ་རུ་བླངས་པས་གླུ་དབྱངས་སྒྱུ་རྩལ་གྱི་གྲུབ་འབྲས་གཡུར་དུ་སྨིན་པ་ཐོབ།གཞན་མོ་རང་ཉིད་ཀྱིས་དབྱངས་རྟ་ཆེད་རྩོམ་གྱི་ཆེད་སྒྲིག་ཟེར་སྡེར༼བོད་པའི་བུ་མོ༽ཞེས་པ་དང་།༼ཁྱེད་ལ་དུང་བའི་སྒྲོལ་མ༽ཞེས་པ་གཉིས་འགྲེམ་སྤེལ་བྱས་པས་མིང་གི་སྙན་པ་སྔར་ལས་ལྷག་པར་རྒྱས། དེ་ནས་ཁོ་མོར་ས་ཕྱོགས་གང་མང་དུ་འཁྲབ་སྟོན་དང་འགྲན་ཞུགས།སློབ་སྦྱོང་སོགས་ཀྱི་གོ་སྐབས་ཐོབ་པས་རྒྱལ་ཡོངས་སྐབས༡༢པའི་ན་གཞོན་གླུ་གར་བརྙན་འཕྲིན་འགྲན་ཚོགས་སུ༼དམངས་ཚོགས་ཆེས་དགའ་བའི་གླུ་མ༽ཞེས་པ་དང་།༢༠༠༧ལོའི་ཟླ་དང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི༼སྐར་འོད་ལམ་ཆེན༽ཞེས་པའི་འགྲན་ཚོགས་སུ་ཟླ་གཅིག་གི་ཨང་དང་པོའི་གཟེངས་རྟགས་ཐོབ་ཅིང་།ལོ་དེར་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས༢༦གི་མཛངས་མའི་འགྲན་བསྡུར་སྟེང་དུ༼བོད་ཀྱི་མཛངས་མ༽ཞེས་པའི་མཚན་སྙན་སོགས་འགྲན་བསྡུར་གྱི་སྟེགས་བུ་གང་མང་ནས་བྱ་དགའ་རབ་དང་རིམ་པ་བླངས།
   བཅར་འདྲི་ཞིག་གི་ཁྲོད་དུ་ཁོ་མོས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ།དེང་དུས་མི་རིགས་ཀྱི་གླུ་གར་བས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་མདུན་ལམ་འཚོལ་རྒྱུ་ཤིན་ཏུ་དཀའ།རྒྱུ་མཚན་ནི་དཔལ་འབྱོར་གྱི་དུས་རབས་འདིར་ལས་རིགས་གང་ཞིག་ཡིན་ཡང་རྒྱལ་ཁ་ལོན་མིན་གྱི་ཚད་གཞི་ནི་དཔལ་འབྱོར་གྱི་ཁེ་ཕན་ལོན་མིན་ལ་བལྟ།འདི་ལྟར་བྱས་ན་མི་རིགས་ཀྱི་གླུ་གར་བས་རིག་གནས་ཀྱི་རིན་ཐང་བསྐྲུན་ཐུབ་ཀྱང་དུས་ཐོག་ཏུ་དཔལ་འབྱོར་གྱི་རིན་ཐང་བསྐྲུན་རྒྱུ་ཧ་ཅང་དཀའ་བས།དེང་དུས་མི་རིགས་ཀྱི་གླུ་བ་ཚང་མས་རྒྱ་སྐད་དམ་དབྱིན་སྐད་ཀྱི་ལམ་ནས་མི་རིགས་རང་ཉིད་ཀྱི་གླུ་གཞས་གཏོང་གི་ཡོད།འདི་ལྟར་བྱས་པའི་མཇུག་འབྲས་ནི་དུས་ཐོག་དེར་དཔལ་འབྱོར་གྱི་ཁེ་ཕན་ཅུང་ཟད་སྐྲུན་ཐུབ་ནའང་ཡུན་རིང་བོའི་མི་རིགས་ཀྱི་རོལ་དབྱངས་ལོ་རྒྱུས་སུ་གསབ་ཏུ་མེད་པའི་གྱོང་གུན་ཐེབས་སྲིད།དེ་བས་ངའི་བསམ་བློ་ལྟར་ན་མི་རིགས་རང་ཉིད་ཀྱི་གླུ་གར་རྩེད་རིགས་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་མི་རིགས་རང་ཉིད་ལ་སྔར་ཡོད་ཀྱི་དམངས་གཞས་ཉམས་པ་སོར་ཆུད་དང་།མ་ཉམས་གོང་སྤེལ་གྱིས་ཕ་སྐད་གཙང་མའི་སྒོ་ནས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པར་འདོད་ཅེས་སྐད་ཡིག་དང་རིག་གནས་ལ་དུངས་ཞེན་གྱི་སྙིང་ལ་རུས་པ་ལྡན་པའི་སྐད་ཆ་གང་མང་བཤད་ཡོད་ལ་དོན་ཐོག་ཏུའང་འདི་ལྟར་འཁྱོལ་ཡོད་དེ།སྤྱི་ལོ༢༠༠༥ལོར་ཞང་ཀང་དུ་མི་སྒེར་གྱི༼དགེ་རྩའི་སྤྲོ་ཚོགས༽ཞེས་རིག་སྤྲོ་ཚོགས་བསྡུས་ཤིང་ཡོང་སྒོ་ཚང་མ་ཕ་ཡུལ་གྱི་སློབ་གྲྭར་ཞལ་འདེབས་སུ་ཕུལ་བ་དང་༢༠༠༦ལོར་ཡུན་ནན་ཁུན་མིང་དུ་མི་སྒེར་གྱི༼དགེ་རྩའི་སྤྲོ་ཚོགས༽ཞེས་སླར་ཡང་རིག་རྩལ་སྤྲོ་ཚོགས་བསྡུས་ཤིང་ཡོང་སྒོ་ཚང་མ་གཏེར་ལུང་གི་སློབ་གྲྭར་ཞལ་འདེབས་སུ་ཕུལ་བ་སོགས་མིག་མཐོང་ལག་ཟིན་གྱི་མི་རིགས་དང་རིག་གནས་ལ་སྨན་པའི་འཕྲིན་ལས་འབའ་ཞིག་གཉེར་བས།  ཁོ་མོའི་རྒྱུད་ཀྱི་ལྷག་བསམ་དང་རིགས་ཞེན་གྱི་སྤོབས་པ་དེར་གངས་ཁ་བའི་ལྗོངས་ཀྱི་རྒན་རབས་པས་མཐོང་ཆེན་དང་གདེངས་འཇོག་ཐོབ་ཅིང་གསར་བྱུང་གི་མི་སྣ་མང་པོ་ཞིག་གི་མིག་དཔེ་དང་ཡིད་སྨོན་གྱི་གནས་སུ་གྱུར།
ཁོ་མོ་སྔ་གཞུག་རྒྱལ་ཡོངས་ནུབ་རྒྱུད་དམངས་གླུའི་སྤྲོ་ཚོགས་དང་།ཀོང་ཞིའི་ལོ་སར་སྤྲོ་ཚོགས།བོད་ལྗོངས་དང་མཚོ་སྔོན།ཁམས་པ་བརྙན་འཕྲིན་ཁང་སོགས་ཀྱི་ལོ་སར་དགོང་ཚོགས།བོད་ལྗོངས་ཞོ་སྟོན་དུས་ཆེན་གྱི་རིག་རྩལ་དགོང་ཚོགས་སོགས་སུ་ཞུགས།བོད་ཀྱི་རོལ་དབྱངས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་།ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་ལེ་ཚན་གྱི་དཔྱད་བརྗོད་པ་སོགས་སུ་གདན་དྲངས་པ་ལྟར་ཞུགས།ཀྲུང་དབྱང་བརྙན་འཕྲིན་ཁང་དང་ལྷ་ས།ཕ་ཡུལ་རྒྱལ་ཐང་སོགས་སུ་རང་ཉིད་ཀྱི་ཆེད་སྒྲིག་རིག་རྩལ་སྤྲོ་ཚོགས་གང་མང་བསྡུས་ཏེ་གནའ་དེང་ཟུང་འབྲེལ་གྱིས་གླུ་གཞས་གང་མང་ཉན་མཁན་ཁྲི་མ་འབུམ་གྱི་སྙན་གྱི་གསོས་དང་ཡིད་ཀྱི་དཔལ་དུ་སྨིན་བཞིན་ཡོད།            
མིག་སྔར་ཁོ་མོ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ན་གཞོན་བུད་མེད་སློབ་གསོའི་ཐེབས་རྩའི་དགེ་སྒྲུབ་ཁྱབ་སྒྲོག་གི་གཟུགས་བརྙན་སྨྲ་ཚབ་པ་དང་།བོད་ལྗོངས་སྨར་ཁམས་རྫོང་ལྗང་མདོག་སུར་པན་ཐོན་རྫས་ཀྱི་གཟུགས་བརྙན་སྨྲ་ཚབ་པ།ཨ་རིའི་རྒྱལ་སྤྱིའི་མོ་ཕྱུགས་ཚོགས་པ་ཀྲུང་གོའི་ལས་གཞིའི་ཁུལ་གྱི་དགེ་སྒྲུབ་དང་བླངས་པའི་ཚོགས་གཙོ།བོད་ཁུལ་ཨེ་ཛི་སྔོན་འགོག་ལས་ཀའི་ཁྱབ་སྒྲོག་སྐུལ་སློང་བའི་གཟུགས་བརྙན་སྨྲ་ཚབ་པ་་སོགས་ཀྱི་བྱ་བའི་འགན་བཞེས་ཤིང་།ད་དུང་ཁྲེང་ཏུའུ་བོད་མིའི་ཁྲོམ་དུ་ཐོས་པ་དགའ་ཞེས་པའི་བོད་ནུབ་ཟུང་གི་ཁྱད་ཆོས་ལྡན་པའི་གསོལ་ཚིགས་གླིང་གི་གཙོ་བདག་གི་འགན་བཅས་གཅིག་ལྕོགས་སུ་འཁུར་བཞིན་ལགས་སོ། །

 

  • ལེ་ཚན་སྔོན་མ།:དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽
  • ལེ་ཚན་རྗེས་མ།:སྐད་ཀྱི་སྒྲ་གདངས་འབྲིང་བ་ཡི། །བུད་མེད་གླུ་མའི་མགྲིན་ངག་སྙན། ། ༼བོད་ཀྱི་གླུ་མ་འཇམ་དབྱངས་སྒྲོལ་མའི་སྐོར།༽
  • དོ་སྣང་ཆེ་བའི་རྩོམ།