ད་ལོར་ཀྲུང་དབྱང་གིས་སྔོན་རྩིས་ནང་ཞིང་གསུམ་ལ་གཏོང་བའི་མ་དངུལ་གྱི་གཞི་ཁྱོན་དང་བསྡུར་ཚད་དེ་ན་ལོ་ལས་བརྒལ་རྒྱུ།

མིག་དམར་གྱིས་བསྒྱུར།        2014-04-25

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་རྒྱུན་སྲོལ་གཏན་འཁེལ་ལྟར་གསར་འགྱུར་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་རྒྱུར།ད་ལོར་ཀྲུང་དབྱང་གིས་སྔོན་རྩིས་བྱས་པའི་ནང་ཞིང་གསུམ་ལ་གཏོང་བའི་མ་དངུལ་གྱི་གཞི་ཁྱོན་དང་བསྡུར་ཚད་དེ་ན་ལོ་ལས་བརྒལ་རྒྱུ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་འབད་བརྩོན་གསར་པ་བྱེད་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞིང་།ཕྱོགས་གཅིག་ལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན།དཔེར་ན་ད་ལོར་ཆུ་བེད་ལ་ཤུགས་སྣོན་བྱེད་རྒྱུ་གཙོ་བོར་བྱས་པའི་ཞིང་ལས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར700གཏང་རྒྱུའི་བཀོད་སྒྲིག་བྱས་ཏེ།གཙང་པོ་དང་མཚེའུ་བཅོས་སྐྱོང་བྱ་རྒྱུ་དང་ཕན་འབྲས་མཐོ་བའི་ཞིང་ཆུ་འདྲེན་རྒྱུ་སོགས་གལ་ཆེ་བའི་རྣམ་གྲངས་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ།མུ་མཐུད་ནས་ཞིང་སྡེའི་དམངས་འཚོ་ལས་གྲྭར་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་སྡེའི་ཆུ་དང་གློགལམ།རྫབ་རླངས།ཆ་འཕྲིན་བཅས་རྨང་གཞི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏང་རྒྱུ་ཡིན་ལ།ཞིང་སྡེའི་ཉེན་མེད་འཐུང་ཆུ་དང་གྲོང་བགྲོད་གཞུང་ལམ།གློག་དྲྭ་བསྒྱུར་བཀོད།ཞིང་སྡེའི་རྫབ་རླངས།ཉེན་ཅན་གྱི་ཁང་པ་བསྒྱུར་བཀོད་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་།ད་ལོར་ཞིང་པའི་ཉེན་ཅན་ཁང་པ་ཁྲི260ལ་བསྒྱུར་བཀོད་བྱ་རྒྱུ་རེད།
    ཕྱོགས་གཞན་ཞིག་ནས་ཞིང་ལས་སྟོབས་ལྡན་དང་ཞིང་པར་ཕན་པ།ཞིང་པ་ཕྱུག་འགྱུར་ཡོང་འཇུག་པ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཞིང་ལས་ཐོན་རྫས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་།རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་བྱེད་ཐུབ་པར་འགན་ལེན་བྱ་རྒྱུ།མུ་མཐུད་ནས་མ་རྨོས་ལོ་ཐོག་སོགས་དུས་ཐོག་ཏུ་གསོག་ཉར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ།ཞིང་ལས་ཐོན་རྫས་ཀྱི་དམིགས་ཚད་རིན་གོང་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱ་རྒྱུ།རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ།ཞིང་ལས་རྒྱུན་སྲིང་འཕེལ་རྒྱས་གཏོང་བའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྱོང་ཇེ་མགྱོགས་གཏང་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:སྐྱུ་རུའི་ཚི་སྣུམ་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་འབྲས་བུ་འདེབས་གསོ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་དངུལ་རྩ་ཡི་དབུལ་སྐྱོར་ཞིང་ཕན་གྱི་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།