ཞིང་ལས་འཕྲུལ་ཆས་ཀྱིས་ལི་ཐང་རྫོང་གི་ཞིང་པའི་དཀའ་སྡུག་སེལ།

        2014-04-19

ཞིང་ལས་འཕྲུལ་ཆས་ཀྱིས་ལི་ཐང་རྫོང་གི་ཞིང་པའི་དཀའ་སྡུག་སེལ།

 ཟླ་བ4པའི་ཚེས10ཉིན་ནས་བཟུང་ལི་ཐང་རྫོང་གི་མཐོ་སྒང་ཞིང་ཁུལ་དུ་དཔྱིད་རྨོད་ཀྱི་དུས་ཚིགས་ཤར་འགོ་ཚུགས་པ་རེད། མུ་ལ་བར་མའི་ཤང་གི་བར་རོལ་གྲོང་གི་གྲོང་མི་བརྩོན་ཐར་གྱི་སོན་འདེབས་འཕྲུལ་འཁོར་བཏང་ནས་ཆུ་ཚོད་གཅིག་ལས་མི་འགོར་བར་ས་མུའུ2ཡོད་པའི་ནས་ཞིང་བཏབ་ཚར་བ་རེད།
    བར་རོལ་གྲོང་སྡེའི་ས་ཁ་སྨི3600ཡོད་ཅིང་སྔ་མར་མཛོ་ཡིས་ཞིང་རྨོ་བའི་ཚེ་མི་ཁལ་གཉིས་ཀ་དཀའ་ལས་ཤིན་ཏུ་ཆེ་ཞིང་ཉིན་གཅིག་ལ་ས་མུའུ་རེ་གཉིས་ལས་རྨོས་ཐུབ་ཅིང་མེད།གྲོང་སྡེའི་ཞིང་པ་ཚང་མས་ཕན་ཚུན་རོགས་རེས་བྱས་ནས་ནས་འདེབས་པ་ཡིན་ན་མ་མཐའ་ཡང་ཟླ་ཕྱེད་ཙམ་འགོར་འགྲོ་བ་རེད།
    ཉེ་བའི་ལོ་ཤས་རིང་ལ་ཞིང་སྡེའི་ཞིང་ལས་འཕྲུལ་ཆས་ཆུང་གྲས་མཐོ་སྒང་དུ་ཁྱབ་སྤེལ་ཆེ་བས། བརྩོན་ཐར་གྱིས་ཀྱང་སྲིད་ཇུས་རོགས་སྐྱོར་དང་རང་གིས་སྒོར་མོ850སྤྱད་ནས་སོན་འདེབས་འཕྲུལ་འཁོར་ཞིག་ཉོས་པ་རེད། ད་ལོའི་དཔྱིད་རྨོད་བྱེད་པའི་ཚེ་ཁོའི་བཟའ་ཟླས་སོན་འདེབས་འཕྲུལ་འཁོར་ནང་དུ་ནས་སོན་བཟང་པོ་སྨན་ཆུ་དང་བསྲེས་ནས་བླུགས་པ་དང་། བརྩོན་ཐར་གྱིས་ཞིང་ནང་དུ་འཕྲུལ་འཁོར་བཏང་ནས་ཕར་རྒྱུག་ཚུར་རྒྱུག་ལན་འགའ་བྱས་རྗེས་ལས་འགན་ཐོན་ནས་ཁྱིམ་དུ་ལོག་ཆོག་པ་རེད། བརྩོན་ཐར་དགོད་འཛུམ་འཛུམ་གྱིས་ད་ལྟ་ཁོམ་དལ་གྱི་དུས་ཚོད་མང་པོ་འདུག ངས་སྔོན་ལ་ཟུར་ལས་ཉི་མ་ཁ་ཤས་འགྲོ་རྗེས་དེ་ནས་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་རྒྱུ་ཡིན། སྟོན་ཐོག་སྡུད་པའི་ཚེ་རྔ་སྡུད་འཕྲུལ་འཁོར་སྤྱོད་ཆོག་པས་ཟོར་ར་ཁུར་ནས་ལུས་པོ་སྒུར་སྒུར་བྱས་ཏེ་ལོ་ཏོག་རྔ་མི་དགོས་ཞེས་བཤད་བྱུང་།
    མུ་ལ་བར་མའི་ཤང་གི་ཤང་ཀྲང་དབྱང་ཝུའུ་ཏུང་གིས་སྔ་ལོར་དཔྱིད་རྨོད་བྱེད་པའི་ཚེ་ཉིན་མང་པོ་འགོར་སྲིད་ལ་ད་དུང་ཆར་དོགས་བྱེད་དགོས་ཀྱི་ཡོད་པ་རེད། ད་ལོར་ཤང་ཡོངས་ཀྱི་ནས་ཞིང་ས་མུའུ4780བཏབ་ཀྱང་ཉིན་གཅིག་ལས་འགོར་མ་སོང་ཞེས་བཤད་པ་རེད།
    ད་ལྟར་མུ་ལ་སྟོད་སྨད་བར་གསུམ་དུ་རྨོ་འདེབས་སྡུད་གསུམ་ཐམས་ཅད་འཕྲུལ་ཆས་ཅན་དུ་གྱུར་ཟིན་པས་ཞིང་པའི་ངལ་རྩོལ་གྱི་དཀའ་སྡུག་སེལ་བ་མ་ཚད་གནམ་གཤིས་ཀྱི་ཤུགས་རྐྱེན་མི་ཐེབས་པ་དང་། ངལ་རྩོལ་གྱི་དུས་ཚོད་མང་པོ་བསྲི་ཚགས་བྱས་ནས་ཟུར་ལས་བཙལ་ནས་ཡོང་འབབ་ཇེ་མང་དུ་གཏོང་ཐུབ་པ་རེད།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་ལི་ཐང་དང་ཉག་རོང་རྫོང་དུ་རྟོག་ཞིབ་གནང་དུས་ལས་བྱེད་པ་ཚོར་སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་
  • ལེ་ཚན་རྗེས་མ།:གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་འདི་ཟླའི་ཚེས20ཉིན་ལས་འགོ་ཚུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།