ཉི་ཟླ་ཉག་ག

མཚོ་སྔོན འབྲོང་བུ་ཁྲོ་རྒྱལ་འབུམ་ནས།        2010-12-09

ཉི་ཟླ་ཉག་ག་ཞེས་པའི་ས་མིང་དེ་ནི་དེང་གི་མཚོ་སྔོན་ཞིང་ཆེན་གྱི་གུང་ཧོ་དང་ཧོང་ཡོན་རྫོང་གཉིས་ཀྱི་མཚམས་ན་ཡོད་ཅིང་།དེང་སང་ཡུལ་སྐོར་ལྗོངས་རྒྱུ་བྱེད་སའི་གནས་མཆོག་ཅིག་ཡིན་པ་རེད།འོ་ན་ཉི་ཟླ་ཉག་ག་ཞེས་པའི་མིང་དེ་ཇི་ལྟར་ཐོག་པ་ཡིན་ཟེར་ན།ས་གནས་དེ་གའི་དམངས་ཁྲོད་དུ་གཏམ་རྒྱུད་སྙན་པོ་འདི་འདྲ་ཞིག་བཤད་རྒྱུ་འདུག  ལོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་དུ་རྒྱ་བཟའ་ཀོང་ཇོ་བོད་རྗེ་བཙན་པོའི་བཙུན་མོར་བསུ་བའི་སྐབས་སུ།ཀོང་ཇོ་དང་འཁོར་རྣམས་སྔོན་དུ་ལམ་ལ་ཆས།རྗེས་སུ་འོང་བཞིན་པའི་བློན་པོ་མགར་གྱིས་རྒྱ་ནག་གི་རྒྱལ་པོར་སྟོབས་འབྱོར་མངའ་ཐང་ལྡན་ཞིང་།བོད་དེ་ལྟར་མིན་པས་སྲས་མོ་ཕྱིར་རྒྱ་ཡུལ་དུ་ལོག་པ་དོགས་ནས་བསམ་བློ་བཏང་མཐར་ཐབས་བཀོད་ལེགས་པོ་ཞིག་རྙེད།ཁོང་གི་རྡོ་ལེབ་གོར་མོ་གཉིས་ཀྱི་སྟེང་དུ་གསེར་རྩི་དང་དངུལ་རྩི་བྱུགས་ཏེ་ཏ་ལེན་ཞིག་གི་ནང་དུ་བཅུག་ནས་རྟ་ལ་བཀལ་སྟེ་སླེབས་པ་ན་ས་འདིར་ཀོང་ཇོ་དང་འཁོར་རྣམས་ཀྱི་རྗེས་ལ་ཟིན།དེ་ནས་ངལ་གསོ་སྐབས་བློན་པོ་མགར་གྱིས་ཀོང་ཇོ་ལ།ཁྱེད་ཀྱི་ཡབ་ཁྱེད་ལ་བྱམས་བརྩེ་ཤིན་ཏུ་ཆེ་བར་འདུག་པས་ཁྱེད་རང་ལ་གསེར་དངུལ་གྱི་རྫོང་བ་བསྐུར་ཡོད་ཅེས་བཤད།ཀོང་ཇོས་བདག་གིས་བལྟའོ་ཟེར་ནས་སྣོད་ཀྱི་ཁ་ཕྱེ་བ་ན།རྡོ་གོར་མོ་གཉིས་ཀྱི་སྟེང་གི་གསེར་རྩི་དང་དངུལ་རྩི་རྣམས་སྣོད་གཙུབ་བརྡར་བྱས་ནས་ནག་རོག་གེར་གྱུར་འདུག་པར་མཐོང་། བློན་པོ་མགར་གྱིས་དེ་མ་ཐག་ཏུ།ལྟོས་དང་།ཁྱེད་ཀྱི་ཡབ་ཀྱིས་རྡོ་གོར་མོ་གཉིས་ཁྱེད་ལ་རྫོང་བ་བྱིན་པ་དེ་ཁྱེད་ལ་མགོ་བསྐོར་བ་དང་འདང་རྩིས་མེད་པའི་རྟགས་མིན་ནམ་ཞེས་བཤད།
 དེའི་སྐབས་སུ་ཀོང་ཇོ་ངོ་གནོང་བ་དང་ཁོང་ཁྲོ་ལངས་ནས་རྡོ་གོར་མོ་གཉིས་ཉག་ཆེན་དེའི་རྒྱབ་ཕྱོགས་དང་མདུན་ཕྱོགས་སུ་རྦབ་ལ་བསྒྲིལ་ཏེ་ན་རེ།རྡོ་གོར་མོ་འདི་གཉིས་རང་འགུལ་གྱིས་ཕྱོགས་གཅིག་ལ་འཛོམས་རྒྱུ་མ་རག་བར་དུ་ང་རང་ཡུལ་དུ་མི་ལོག་ཅེས་མནའ་བཞག དེ་ནས་བཟུང་ཉག་ག་དེར་ཉི་ཟླ་ཉག་ག་ཞེས་པའི་མིང་དེ་ཐོགས་པ་བཤད།
  • ལེ་ཚན་སྔོན་མ།:ཕ་བོང་ཁ
  • ལེ་ཚན་རྗེས་མ།:གངས་རིའི་མེས་པོ་ཧི་མ་ལ་ཡ།