བོད་ཀྱི་གསོ་རིག་གསུང་རབ་འདེམ་ཀློག་གི་སློབ་ཚན《གསོ་རིག་རྒྱུད་བཞི》

        2010-04-28

སྤྱིར་བོད་ཀྱི་གསོ་རིག་རྒྱུད་བཞི་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཉེར་མ་དང་ཟབ་མོ་དག་སྣང་གི་བརྒྱུད་པ་སྟེ་བརྒྱུད་པ་གསུམ་དང་ལྡན་ཞེས་མཁས་མང་ཞལ་ནས་གསུངས་སོ།ཤེས་བྱ་སྐབས་སུ་བབས་པ་བོད་ཀྱི་གསོ་རིག་གསུང་རབ་འདེམ་ཀློག་གི་སློབ་ཚན་འདིར་ཡང་རྒྱུད་ཅེས་པའི་གོ་དོན་དང་།རྒྱུད་ཀྱི་དབྱེ་བ།རྒྱུད་ཀྱི་ཆེ་བ།རྒྱུད་ཀྱི་བརྗོད་བྱ།རྒྱུད་དོན་བྱེ་བྲག་ཏུ་བཤད་པ།རྒྱུད་དོན་སྙིང་བོར་དྲིལ་བའི་འབྲེལ་བ།རྒྱུད་ལ་བསྔགས་པ་བཅས་རྣམ་པ་བདུན་གྱི་སྒོ་ནས་བསྟན་པར་བྱའོ།
དང་པོ་རྒྱུད་ཅེས་པའི་དོན་ནི་ཚང་ཞིང་འབྲེལ་པས་ན་རྒྱུད་དེ།ཚང་ནི་གསོ་རིག་གི་དོན་ཚང་བ།འབྲེལ་ནི་ནད་དོན་གོ་རིམ་འབྲེལ་བ།དཔེ་ལུས་དང་ནད་འབྲེལ་བ་སོགས་མང་པོ་གཞུང་ལས་གསལ།གསོ་བ་རིག་པ་ཞེས་གསོ་བ་ནི་ནད་པས་གསོ་བ།རིག་པ་ནི་དེའི་དོན་རྟོགས་པའོ།
གཉིས་པ་རྒྱུད་ཀྱི་དབྱེ་བ་ནི་རྩ་རྒྱུད《ཤེས་བྱ་རྩ་རྒྱུད》བཤད་རྒྱུད《བཤད་བྱའི་རྒྱུད》མན་ངག་རྒྱུད།《མན་ངག་མག་ལག་ལེན་དམར་ཁྲིད་ཀྱི་རྒྱུད》ཕྱི་མ་རྒྱུད《ལག་ལེན་མདོར་བསྟན་པའི་རྒྱུད》ཡོངས་གཏད་ཀྱི་རྒྱུད་བཅས་ལྔའོ།
གསུམ་པ་རྒྱུད་ཀྱི་ཆེ་བ་བཅུ་གཅིག་ནི།ཇི་སྐད་དུ།ཡང་རྩེ་རྒྱལ་པོ་སྤྱི་འབྲེལ་རྩ་བ་དང་།འབྱུང་གནས་མེ་ལོང་འཇུག་སྡུད་ཆར་རྒྱུན་དང་།སྐྱབས་སྤྱིན་སྤྱི་ནོར་ཡིད་བཞིན་ནོར་བུ་སྟེ།དཔལ་ལྡན་རྒྱུད་ཀྱི་ཆེ་བ་བཅུ་གཅིག་ཡིན།
བཞི་པ་རྒྱུད་ཀྱི་བརྗོད་བྱ་ནི་མདོར་བསྡུས་ན་བརྗོད་བྱ་ལུས་དང་བྱིས་པ་མོ་ནད་གདོན།མཚོན་དུག་རྒས་དང་རོ་ཙ་བཅས་ཡན་ལག་བརྒྱད་དོ།ལུས་ནི་གྲུབ་ལུས་དང་གསོ་ཚུལ་གྱི་ལུས་གཉིས་ལས་གསོ་ཚུལ་གྱི་ལུས་སོ།མོ་ནད་ནི་མོ་ནད་གསོ་བའི་དོན་ཡིན།མཚོན་ནི་ཕྱི་སྐྱེན་གློ་བུར་དུ་མཚོན་གྱིས་རྨ་གསོ་བའོ།རྒས་ནི་སྐཡེ་རྒས་ན་འཆི་བཞི་ནད་མིན་ཡང་།གསོ་རིག་གི་ལྟ་བ་ལ་ནད་ཡིན་ནོ།ཅི་ཕྱིར་ལུས་ཟུངས་གྲུབ་པའི་ཕྱིར།འབྱུང་བའི་སྟོབས་ཉམས་པའི་ནད་ཡིན།རོ་ཙ་བ་ནི་འདོད་པའི་རོ་དྲུག་ལ་ལོངས་སུ་སྤྱོད་བྱེད་མི་ཐུབ་པ་གསོ་བ་ལའོ།
ལྔ་པ་རྒྱུད་དོན་བྱེ་བྲག་ཏུ་བཤད་པ།རྩ་རྒྱུད་ནི་རྩ་བ་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོ་འབྲས་བུ་བཅས་ཀྱི་སྒོ་ནས་འཆད་དོ།གཉིས་པ་བཤད་པའི་རྒྱུད་ནི་གསོ་རིག་གི་རྣམ་བཞག་སྟོན་པའི་གནས་བཅུ་གཅིག་གི་སྒོ་ནས་བཤད།གསུམ་པ་མན་ངག་ཡོན་ཏན་རྒྱུད་ནི་ནད་དང་གཉེན་པོ་སྤྲོད་པའི་སྐབས་བཅོ་ལྔ་སྒོ་ནས་བཤད།བཞི་པ་ཕྱི་མ་རྒྱུད་ནི་ལག་ལེན་སྙིང་པོར་དྲིལ་བའི་མདོ་བཞིའི་སྒོ་ནས་བཤད།
དྲུག་པ་རྒྱུད་དོན་སྙིང་བོར་དྲིལ་བའི་འབྲེལ་བ།༡ལུས་ནད་གཉེན་པོ་གསུམ་ངོ་བོ་འབྱུང་བཞི་བདག་ཉིད་གཅིག་ཏུ་འབྲེལ།༢གནོད་བྱ།༡༠གནོད་བྱེད།༡༥རྟེན་དང་བརྟེན་པར་འབྲེལ།༣གསོ་བྱ﹙ནད﹚གསོ་བྱེད་﹙སྨན་པ﹚བསོད་ནམས་ལས་ཀྱི་འབྲེལ་བ།བསོད་ནམས་ནི་དགེ་བའི་ལས་སོ།ལས་ནི་དཔེར་ན།ལུས་ཅན་དག་གིས་ལས་རྣམས་ནི།བསྐལ་བ་བརྒྱར་ཡང་ཆུད་མི་ཟ།ཚོགས་ཤིང་དུས་ལ་བབས་པ་ན།འབྲས་བུ་ཉིད་དུ་སྨིན་པར་འགྱུར།
བདུན་པ་རྒྱུད་ལ་བསྔགས་པ་ནི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པ་《གསོ་རིག་རྒྱུད་བཞི་ལ་བསྔགས་པའི་ཚུགས་སུ་བཅད་པ་བདུད་རྩིའི་ཐིགས་འཕྲེང་ཞེས་བྱ་བ》བཞིན་ནོ།
 
 

  • ལེ་ཚན་སྔོན་མ།:མཛུབ་གུ་འགུལ་མང་ན་ཕན་ཐོགས་ཅི་ཡོད།
  • ལེ་ཚན་རྗེས་མ།:སྔོན་འགོག་གི་སྐོར།
  • དོ་སྣང་ཆེ་བའི་རྩོམ།