ངའི་ནམ་མཁའ། (གླུ་ཚིག)

བུ་བསོད་དབང་།    སྦྲང་ཆར།    2013-11-28

ངའི་ནམ་མཁའ། (གླུ་ཚིག)
ང་ལ་ཨ་ཕས་བསྩལ་བའི་བློ་རྒྱ་ཡོད་དེ།
བློ་རྒྱ་བར་སྣང་འདྲ་ལེ་ཡིན།
བར་སྣང་སྨུག་པས་མ་བཅད་ཡོད།
ང་ལ་ཨ་མས་གནང་བའི་བྱམས་སེམས་ཡོད་དེ།
བྱམས་སེམས་གངས་རི་འདྲ་ལེ་ཡིན།
གངས་རི་ཚ་བས་མ་ཞུ་ཡོད།
བྱིས་དུས་སྤང་ཐང་བརྒལ་པ་བཞིན།
མེ་ཏོག་སེར་ཆེན་བཏུས་པ་བཞིན།
སེམས་ཚེགས་མི་ཆེ་རང་དབང་ཡིན།
རང་དབང་ལག་ཟུང་ཅི་འདོད་གཡུག
གནས་ལ་ཁང་ཆེན་མེད་ཀྱང་།
ནོམ་ལ་ཟས་གོས་མེད་ཀྱང་།
རང་ལ་ཡོད་པའི་ས་གཞི་འདི་ལས་ཅང་མི་དགོས།
 
ང་ལ་ཡུལ་མིས་བྱིན་པའི་སྙིང་རྩ་ཡོད་དེ།
སྙིང་རྩ་མེ་དང་འདྲ་ལེ་ཡིན།
མེ་ལྕེ་རླུང་གིས་མ་སྒུལ་ཡོད།
ང་ལ་ཕུ་ནུས་བསྟན་པའི་གློ་མཆིན་ཡོད་དེ།
གློ་མཆིན་ཉི་ཟླ་འདྲ་ལེ་ཡིན།
ཉི་ཟླ་སྤྲིན་གྱིས་མ་ཁེབས་ཡོད།
གཞོན་དུས་རི་ལུང་འཁྱམས་པ་བཞིན།
རྫི་གླུ་སྙན་མོ་ཐོས་པ་བཞིན།
སྡུག་བསྔལ་མི་ཆེ་བདེ་སྐྱིད་ལྡན།
བདེ་སྐྱིད་རི་མོ་གང་སར་འབྲི།
ཐོབ་ལ་མིང་གྲགས་མེད་ཀྱང་།
དཔུང་ལ་གོ་ཧྲག་མེད་ཀྱང་།
རང་ཉིད་ཤོང་སའི་ནམ་མཁའ་འདི་ལས་ཅང་མི་བསམ།
  • ལེ་ཚན་སྔོན་མ།:མེས་པོ་དྲན་མགུར།(གླུ་ཚིག)
  • ལེ་ཚན་རྗེས་མ།:སྐྱེ་བའི་དོན་པོ།(གླུ་ཚིག)