མེས་པོ་དྲན་མགུར།(གླུ་ཚིག)

བཟང་འགྲུབ་རྒྱལ།    སྦྲང་ཆར།    2013-11-28

མེས་པོ་དྲན་མགུར།(གླུ་ཚིག)
གངས་དཀར་པོ་མཐོང་དུས་ཁྱེད་ཉིད་དྲན།
རྫ་སྨུག་པོ་མཐོང་དུས་ཁྱེད་ཉིད་དྲན།
སྤང་ཁ་དོག་འགྱུར་དུས་ཁྱེད་ཉིད་དྲན།
ངའི་དྲན་པའི་མཚོ་མོའི་མེ་ལོང་ལ།
ཁྱེད་ཡང་ཡང་དྲན་ཞིང་ཡང་ཡང་འཆར།
ངའི་བརྟན་བརླིང་གི་རྒྱབ་རི།ངའི་མེས་པོ།
ངའི་བཙན་པོའི་གདུང་རྒྱུད།ཁྱེད་ཉིད་དྲན།
 
བསང་སྔོན་མོ་འདྲེན་དུས་ཁྱེད་ཉིད་དྲན།
མཆོད་བདུད་རྩི་འབུལ་དུས་ཁྱེད་ཉིད་དྲན།
མགོན་སྐྱིད་སྡུག་བཅོལ་དུས་ཁྱེད་ཉིད་དྲན།
ངའི་དྲན་པའི་སེམས་ཀྱི་བློ་གཤོག་ལ།
ཁྱེད་ཡང་ཡང་དྲན་ཞིང་ཡང་ཡང་འཆར།
ངའི་བློ་སྟོབས་ཀྱི་དར་ཆ།ངའི་མེས་པོ།
ངའི་བཙན་པོའི་གདུང་རྒྱུད།ཁྱེད་ཉིད་དྲན།
 
ཆོས་བཀའ་བསྟན་མཇལ་དུས་ཁྱེད་ཉིད་དྲན།
གནས་བཅུ་ཕྲག་ཀློག་དུས་ཁྱེད་ཉིད་དྲན།
གསུང་ལེགས་བཤད་འཆད་དུས་ཁྱེད་ཉིད་དྲན།
ངའི་དྲན་པའི་ཡིད་ཀྱི་ནམ་མཁའ་ལ།
ཁྱེད་ཡང་ཡང་དྲན་ཞིང་ཡང་ཡང་འཆར།
ངའི་དཔའ་གདེང་གི་རུ་འདྲེན།ངའི་མེས་པོ།
ངའི་བཙན་པོའི་གདུང་རྒྱུད།ཁྱེད་ཉིད་དྲན།
  • ལེ་ཚན་སྔོན་མ།:ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ།
  • ལེ་ཚན་རྗེས་མ།:ངའི་ནམ་མཁའ། (གླུ་ཚིག)