མགར་ཁྲི་འབྲིང་བཙན་བྲོད་ཀྱི་བྱས་རྗེས་རགས་ཙམ་གླེང་བ།

འཇིགས་བྱེད་སྐྱབས།        2013-11-25

དང་པོ། མགར་གྱི་ཁྱིམ་རྒྱུད་བཤད་པ།

    “དང་པོ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བ་ལས་བོད་ཆེན་པོའི་ཡུལ་དུ་ཆགས་པའི་མིའི་འགྲོ་བ་ཕལ་ཆེར་ནི། སྦྲ། འབྲུ། སྒ། ལྡོང་ཞེས་པའི་རུས་ཆེན་བཞི་དང་། དེ་རྣམས་ཀྱི་ཞིང་བོར་འོས་པ་སྒོ་ལྷ་སྡེ་དཀར་པོའི་རིགས་ཏེ་རིགས་ལྔར་གྲགས་པ་ལས།ཕྱི་མ་དེ་དག་ལས་མཆེད་པ་སྟོད་སྨད་བར་གསུམ་གྱི་ཕྱོགས་སུ་ཡོད་པའི་ནང་གསེས་སུ། འགར་ཀེ་འགོར་གསུམ། གསུང་གསེར་འབྲོམ་གསུམ། ཤོད་སྟག་འཕང་གསུམ། ཅི་འབུ་བཞག་གསུམ། གཅེ་སིང་རམ་གསུམ། ཕྱུག་པོ་འུ་གསུམ་སྟེ་རྡུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པ་བྱུང་ངོ་།། དེའི་ནང་གསེས་འགར(མགར)གྱི་དེ་ལས་དཔོན་ཡེ་ཤེས་འབྱུང་གནས་ཞེས་པའི་སྐྱེས་བུ་དམ་པ་ཞིག་བྱུང་བ་དེ་ལ་སྲས་བརྒྱད་དང་སྲས་མོ་བཞི་བྱུང་སྟེ། ཡུལ་གྲོང་མང་པོ་དབང་བསྒྱུར། སྲས་གསུམ་པ་རྒྱལ་པོའི་ཁྲི་ལ་མངའ་གསོལ་ཡང་སྲས་མ་བྱུང་བས་ཐུགས་ཤིན་ཏུ་སྐྱོ་སྟེ། ལྷ་དཀོན་མཆོག་གསུམ་ལ་གསོལ་བ་ཡུན་རིང་བཏབ་གཤིས། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་སྲས་མེད་དེ་ལ་སྲས་ཤིག་གནང་བ། དཔོན་སངས་རྒྱས་དངོས་གྲུབ་གནམ་གྱི་མཐོངས་ནས་མི་ཡུལ་དུ་བབས་པས་མགར་ཚ་གནམ་ས་འབྲུག་ཅེས་གྲགས་སོ། ། དེ་ནས་མགར་བླ་མ་མཁྱེན་ཆེན། མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་སྲུངས་ཞེས་གྲགས་པ”ཞེས་པ་ལྟར། རུས་མགར་གྱི་བུ་རྒྱུད་དག་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་དངོས་སུ་བྱུང་མགོ་བརྩམས་པ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ཡིན་པ་ཏུན་ཧོང་ཡིག་ཚགས་ལས་གསལ་བོར་ཤེས་ཐུབ་ལ། མགར་མང་ཞམ་སུམ་སྣང་དང་མགར་སྟོང་བཙན་ཡུལ་སྲུངས་གཉིས་ནི་སྲོང་བཙན་གྱི་སྐུ་རིང་གི་བློན་པོ་གྲགས་ཅན་གཉིས་ཡིན་ཞིང་། ལྷག་པར་ཕྱི་མ་མགར་སྟོང་བཙན་ཡུལ་སྲོངས་ནི་བློ་རིག་རྣོ་ལ་དཔའ་ངར་ཆེ་བ་དང་། བརྩོན་འགྲུས་ཆེ་ཞིང་སྤོབས་པའི་གཟེངས་མཐོ་བ་ཞིག་ལགས་པས་མངའ་ཁོངས་རྒྱ་བསྐྱེད་དང་དམག་འཐབ་ཇུས་འགོད། མི་རིགས་འབྲེལ་འདྲིས་བཅས་ཀྱི་ཕྱོགས་ལ་བྱས་རྗེས་ཧ་ཅང་ཆེ་བའི་མཛངས་བློན་བཞིའི་ཡ་གྱལ་དུ་གྲགས་ཕྱིར།ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་དག་ཤེས་ལྡན་རྣམས་ལྟ་ཅི། ཐ་ན་ཕྱུགས་རྫིའི་ཁ་ནའང་གཏམ་རྒྱུད་དང་ངག་རྒྱུན་གྱི་ཚུལ་དུ་རླུང་ལྟར་གྲགས་ཀྱིན་འདུག“འདིའི་དུས་སུ་རྒྱའི་རྒྱལ་པོས་རྒྱལ་པོ་སྲོང་བཙན་སྒམ་པོ་མི་བཞུགས་པར་ཤེས། མགར་གྱིས་རྒྱ་ཡུལ་ཕུང་བར་བྱས་པ་རྣམས་དྲན་ནས”ཞེས་གསུངས་པ་ལྟར། མགར་སྟོང་བཙན་གྱི་དམག་ཇུས་ནི་གཞན་ལས་ཁྱད་དུ་འཕགས་ཤིང་འགྲན་ཟླ་བྲལ་བ་ཞིག་ཡིན་སྟབས་མཐའ་འཁོར་གྱི་རྒྱལ་ཁབ་དག་གིས་ཀྱང་གདེང་འཇོག་ཆེན་པོ་གནང་གིན་ཡོད་པ་ཤེས་ཐུབ་ལ། 《དེབ་དམར་གསར་མ》ལས། “མགར་གྱི་བུ་བཙན་གཉན་ལྡེམ་བུས་བོད་དམག་ཁྲི་ཚོ་བཅུ་ཁྲིད་ནས་རྒྱའི་ཁམས་ཕམ་པར་བྱས། བོད་ཀྱི་རྒྱལ་པོ་གཅིག་ལ་མངའ་ཐང་དང་མཐུ་སྟོབས་ཆེ་བར་བྱེད”ཅེས་དང་། “ལོ་རྒྱུས་དེབ་ཐེར་ལས་མགར་གྱིས་འབྲོག་ནས་ཤ་ཁྲལ་བསྡུས་པ་བཅས་ལ་བརྟགས་ན་བཙན་པོ་སྲོང་བཙན་གྱི་དུས་སུ་བོད་རང་གི་ཞིང་འབྲོག་ནས་དཔྱ་ཁྲལ་དུས་ལྟར་སྡུད་བཞིན་ཡོད་པར་མ་ཟད། ས་མཐའི་ཁོངས་གཏོགས་འབངས་ལའང་དཔྱ་ཁྲལ་ངེས་ཅན་བསྡུ་བའི་ཚུལ་གསལ་བོར་བྱུང་།”ཞེས་པ་ལྟར་སྐབས་འདིར་བོད་བཙན་པོའི་རྒྱལ་ཁབ་དེ་བྲན་གཡོག་སྤྱི་ཚོགས་ནས་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་འཕེལ་བ་ཤེས་ཐུབ་ལ། ཁོང་ཡབ་སྲས་སུ་ཡིན་ཡང་བོད་ཀྱི་སྲིད་འབྱོར་དམག་གསུམ་ལ་སྔ་ན་མེད་པའི་བྱས་རྗེས་རླབས་ཆེན་བཞག གཞན་ཡང《ཐང་ཡིག་གསར་རྙིང》དུ་མགར་ཁྲི་འབྲིང་དང་བཙན་བྲོད་ཅེས་གང་ཟག་སོ་སོ་བ་གཉིས་སུ་ངོས་འཛིན་བཞིན་ཡོད་ནའང་། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》དང《ལྡེའུ་ཆོས་འབྱུང》 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》དང《བོད་བཙན་པོའི་གནའ་རྩོམ་གཅེས་བསྡུས་སློབ་དེབ》 《རྗེ་བཤད་སྒྲུབ་རྒྱ་མཚོའི་གསུང་རྩོམ》སོགས་སུ་གང་ཟག་གཅིག་ཏུ་བཞེད་ལ། མཁས་དབང་དགེ་ཆོས་ཀྱི་དགོངས་པ་ལྟར་མགར་ལ་བུ་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད། མགར་བློན་ཟི་མདོ་ཡེ། མགར་འབལ་བློན(མགར་བཙན་གཉན་སྲོང་སྟོན)བཅས་བཞི་ཡོད་པ་ཀུན་ལ་གྲགས་ཆེའོ། །

    གཉིས་པ། བྱེ་བྲག་ཏུ་བཤད་པ།

    མགར་ཁྲི་འབྲིང་བཙན་བྲོད་ནི་བོད་རྒྱལ་འདུས་སྲོང་མང་པོ་རྗེ་ཡི་བློན་པོ་ཡིན་ལ། བློ་རིག་བཀྲ་ཞིང་དམག་འཐབ་ཧ་ཅང་མཁས་ཏེ། “བློན་ཁྲི་འབྲིང་གིས། དགྲ་ཐབས་དང་གཡག་ལྟར་བྱས་ནས།། གོ་བར་དུ་གཡུལ་སྤྲད་དེ།། རྒྱ་མང་བོ་བཐུངས་ནས།། རྒྱའི་རོ་གཆིག་གནམ་དུ་འགྲེང་བའི་འབུམ་བསད་པའི་མཚན་མ་ཞེས་བྱ་འོ།། སྟག་ལ་རྒྱ་དུར་དང་རྨ་རྒྱ་དུས(དུར)ཀྱང་དེ་ནས་བཏག་སོ། རྔ་རབ་ཕན་ཆད། མྱང་དང་ང་དོར་པོ་ལ་སྩོགས་པ།། རྒྱལ་པོ་དང་བཆས་སུ་འབངས་སུ་བཀུག་ནས།

    སོ་བློན་ལྡེ་ལྔ་ཡང་བཙུགས་སོ།། ང་ཀོག་དང་སྩོགས་པའི་སྟོད་པྱོགས་དང་ལྷོ་པྱོགས་ཀྱི་རྒྱན་པྲན་མང་པོ་ཡང་འབངསུ་བསྡུསོའ།” ཞེས་དང་། “གོང་མས་ཡུག་ཝེ་ཝེ་དམག་དཔོན་ཆེ་མོ་ཞོས་རིན་ཀོས་བྱ་བ་ལྷ་ས་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བསྐོས་པ་དང་། ཡུག་ཝེ་དམག་དཔོན་ཆེན་མོ་ཨ་ཧྲི་ན་ཏོ་ཀྲིན་བྱ་བ་དང་། ཡུག་ཝེ་དམག་དཔོན་ཀོ་ཏེ་ཧྥིན་བྱ་བ་གཉིས་དམག་དཔོན་གཞོན་པར་བཀའ་བསྩལ་ཏེ། དམག་མི་ཁྲི་ཚོ་བཅུ་ལྷག་དང་བཅས་ཏེ་བྷོད་དམག་ལ་འཐབ་ཏུ་བཏང་། དམག་དཔོན་ཏ་ཧྥེ་ཁྲོན་བྱ་བར་སླེབས་པ་ན། བྷོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་གིས་ཕམ་པར་བྱས། གོང་མའི་ཞོས་རིན་གོས་སོགས་ཀྱི་འགན་ཕབ། དེ་ནས་འ་ཞའི་ས་ཆ་བྷོད་ཀྱིས་བཟུང་།”ཞེས་བློན་པོ་མགར་ཁྲི་འབྲིང་བཙན་བྲོད་ནི་དམག་འཐབ་ལ་མཁས་པར་མ་ཟད། མངའ་ཁོངས་རྒྱ་བསྐྱེད་པར་བྱས་རྗེས་ཧ་ཅང་ཆེ་བར་འདུག

    བཙན་པོ་འདུས་སྲོང་དགུང་ལོ་ཉེར་གསུམ་ལ་ལོན་པའི་དུས་ཏེ། “སྤྱི་ལོ685ལ་བློན་བཙན་སྙ་དང་མང་ཉེན་སྟག་ཙབ་བྱ་བ་གཉིས་ནང་དམེ་བྱུང་བས་བཙན་སྙ་བཀུམ་པ་དང་།ལོ་དེར་མགར་ཁྲི་འབྲིང་བློན་ཆེན་དུ་བསྡད་ནས་ཆབ་སྲིད་བཟུང་ཞིང་གཡུལ་གྱི་བྱ་བར་ཡང་ཞུགས། དེ་ལྟར་མགར་སྤུན་མཆེད་ཀྱིས་སྲིད་བསྐྱངས་པའི་རིང་དུ་བོད་ཆེན་པོའི་ཆབ་སྲིད་དང་མངའ་ཐང་སྔར་ལས་ལྷག་པའི་དར་རྒྱས་བྱུང་བར་བརྟེན། ཁོང་རྣམས་ཀྱི་མཚན་སྙན་དང་དབང་ཤུགས་ཀྱང་ཇེ་མཐོ་ཇེ་ཆེར་སོང་།”ཞེས་སྤུན་མཆེད་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་མགོ་ནག་བོད་པ་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ཞིང་། མངའ་ཐང་དར་ལ་སྟོབས་འབྱོར་རྒྱས་པར་བྱས། གཞན་ཡང་མགར་ཁྲི་འབྲིང་བཙན་བྲོད་ནི་བློ་རིག་བཀྲ་ཞིང་ཤགས་འགྱེད་ལ་མཁས་པ་ཞིག་ཀྱང་ཡིན་ཏེ། “བོད་ཀྱི་སྤུ་རྒྱལ་ནི་ཉི་མ་དང་འདྲའ། ། རྒྱ་རྗེ་ནི་ཟླ་བ་དངའདྲ་སྟེ། ། རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང་། །གནམ་མཐའ་འོག་ཏུ་འོད་ཐ་དད་དོ། ། ཆེ་ཆུང་གྀ་ཁར་ཡོང་མྱི་དོར་རོ། ། མཚོ་ཆེད་པོ་འི་ནང་ན་ཆུ་སྲྀན་རྒྱལ་བ་འདུག་ན། གནམ་ལས་ཆེ

    (ལྕེ)ཕབ་སྟེ། ། ཆུ་སྲྀན་རྒྱལ་བ་ཆུ་འི་ནང་དུ་བསད་དོ། ། འབྲུག་དང་གློག་གཉྀས་ཀྱིས་ལྕེ་ཕབ་མ་བྲག་ལས་སྲ་བ་མྱེད་པ་ཡང་དྲལ་ལོ། ། བོད་ཀྱི་ལྷ་བཙན་པོ་དང་། ། གནམ་གཉྀས་ཀྱིས་བདུད་བཆད་ན་། འབལ་ལཇྀ་རྨང་ལས་ཆེ་བ་མྱེད་པའི་བུ། ། ས་དགུའ་རྀམ་འོག་དུ་སྭས་(སྦས)པ་ཡང་བཟུང་དེ་བསད་དོ། ། དེ་ལྟ་སྟེ། ཆེ་ཅུང་དང་མང་ཉུང་གྀ་ཁར་དེ་ལྟར་མྱི་དོར་རོ། །” ཞེས་དང་། ཡང་དཔེར་ན། “བོད་ཀྱི་བློན་པོ། མགར་ཁྲི་འབྲྀང་བཙན་བྲོད་དང་། རྒྱ་འི་བློན་པོ་འྭོང་ཀེར་ཤང་ཤེ་གཉིས། ཁ་དོར་གྱིས་བརྒྱའ

    (བརྒལ)བ་འྀ་ཚིག།རྒྱ་འྀ་དམག་བྱྀན་ཆེད་པོ། ། དམག་པོན་འྭོང་ཀེར་ཞང་ཤེས་བདའ་སྟེ། ། དཔུང་གིས་པུལ་ནས། མཚོ་སྔོན་པོ་པྱོགས་ཀྱྀ་དམག་པོན། ། མགར་ཁྲི་འབྲྀང་བཙན་བྲོད་འཚལ་བ་ལ། འྭོང་ཀེར་ཞང་ཤེས་སྤྲིང་བཱ། ། ཁྲེ་རྐྱལ་གང་དང་། ། ཡུངས་འབྲུ་རྐྱལ་གང་བསྐུར་ཏེ། ། བོད་ཀྱི་དམག་སྟག་འཕྲང་གཡག་འཕྲང་དུ་བགྲངས་པའི་གྲངས་ཀྱང་ང་ལ་ཡོད་དོ། ། ཀླད་པ་ལ་ཚད་བླངས་སྟེ། ། ཞྭར(རུ)དྲུབས། རྐང་པ་ལ་ཚད་བླངས་སྟེ་ལྷམ་དུ་དྲུབས། ། བོད་ཀྱི་དམག་ཐུབ་པ་ཙམ་དུ་བརླབས(བརླེབས)ནས། ། ང་འྀ་དམག་འདི་སྙེད་ཆིག་ཡོད་དོ། ། མགྲྀམ་པྲ་མོར་ཤོང་ན། ལྟོ་ཆེན་པོར་ཞུགས་ཀྲང་།གྀས་གནམ་པྱགས་ཆེད་པོས་བཏབ་སྟེ། གཆིག་མྱྀ་དགྱེ་འོ། མགར་ཁྲི་འབྲྀང་གིས་ལན་བཏབ་པའ། ། མང་ཉུང་གྀ་ཁར་མྱི་དོར་རོ། ། བྱི་འུ་མང་མང་ཡང་ཁྲ་ཆིག་གྀ་ཉོད་པའ། ཞེས་མགར་ཁྲི་འབྲིང་བཙན་བྲོད་ལགས་ཀྱི་ཤགས་ཀྱི་བརྗོད་བྱ་འབུར་དུ་ཐོན་ཅིང་།རྗོད་བྱེད་ལ་མཚོན་ཐབས་དང་དཔེ་འཇོག་རང་བཞིན་ལྡན་པ་མ་ཟད། ཕ་རོལ་ཟིལ་གྱིས་གནོན་པའི་རྔམ་བརྗིད་ཀྱི་རང་བཞིན་ལྡན་ལ།བལྟས་མ་ཐག་མིའི་ཡིད་དབང་ཅིག་ཅར་འཕྲོག་པའི་སྒྱུ་རྩལ་རང་བཞིན་ཡང་ལྡན་ནོ།།”

    གོང་དུ་བརྗོད་པ་ལྟར་དེབ་ཐེར་ཁ་ཤས་སུ་ཁྲི་འབྲིང་དང་བཙན་བྲོད་ཅེས་གང་ཟག་སོ་སོ་བ་གཉིས་སུ་གོ་སྟེ། ཁྲི་འབྲིང་གིས་རང་སྲོག་བཅད་པ་དང་བཙན་བྲོད་ཀྱིས་ཐང་ལ་མགོ་འཛུལ་ཅིང་ཝུའུ་ཙེ་ཐེན་གྱིས་སྐུ་སྲུང་ཆིབས་དམག་མཁར་གྱི་ཕྱི་རོལ་ཏུ་མངགས་ཏེ་བསུ་བ་བྱས་ཤིང་དམག་དཔོན་ཆེན་མོའི་ཆོ་ལོ་སྦྱར་བ་སོགས་བཀོད་འདུག་ཀྱང་། སྔར་བྱུང་གི་དོན་རྐྱེན་སྣ་ཚོགས་ལ་གཞིགས་ནས་ཞིབ་འདང་རེ་བརྒྱབ་ན། དེ་ནི་ཅུང་བློ་ལ་མི་བདེ་བ་ཞིག་ཡིན་ཏེ། བོད་རང་ལ་མཚོན་ན། མགར་ཚང་གི་བུ་རབས་ཚ་རྒྱུད་རྣམས་བཀའ་དྲིན་ཤིན་ཏུ་ཆེ་མོད། ཐང་རྒྱལ་རབས་མཚོན་ན་མགར་ཚང་གི་བུ་རབས་ཚ་རྒྱུད་ཀྱིས་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་མང་པོ་ཕྱུང་དུ་འཇུག་མྱོང་བས། བཙན་བྲོད་ལ་སྐུ་སྲུང་ཆིབས་དམག་གིས་བསུ་བ་བྱེད་པ་ནི་དཔེ་མི་སྲིད་པ་ལྟར་སྣང་ལ། ཐང་ལ་མགོ་འཛུལ་མཁན་ནི་བཙན་བྲོད་མ་ཡིན་པར་སྤུན་བཙན་པོའམ་སྟག་ར་ཁོང་ལོད་དང་མང་པོ་རྗེ་སྟག་ཚབ་སོགས་ཡིན་པ་ཐང་དེབ་གསར་མ་བོད་ཡིག་དེབ་ཏུ་གསལ་ལོ། །

  • ལེ་ཚན་སྔོན་མ།:ལུང་ཤར་རྡོ་རྗེ་ཚེ་རྒྱལ།
  • ལེ་ཚན་རྗེས་མ།:བོད་ཀྱི་མཛངས་བློན་བདུན་པོ་གང་དག་ཡིན།