སི་ཁྲོན་གེ་སར་རིག་པའི་བྱ་བའི་སྐོར་གླེང་བ།

རྡོ་རྗེ་ནས།        2014-05-20

སི་ཁྲོན་གེ་སར་རིག་པའི་བྱ་བའི་སྐོར་གླེང་བ།
 

དེ་ལ་འདིར་གླིང་གེ་སར་རྒྱལ་པོ་ཞེས་པ་ནི།ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད།སློབ་དཔོན་པདྨའི་ཕོ་ཉ།རིགས་གསུམ་མགོན་པོའི་རྣམ་སྤྲུལ།དབུ་ནག་བོད་ཀྱི་ལྷ་སྐལ།སྐྱེས་པ་ཕོ་ཡི་དགྲ་ལྷ།མི་སྨན་རྣམས་ཀྱི་གྲོགས་ལྷ།ནག་ཕྱོགས་བདུད་ཀྱི་ཁ་གནོན།སངས་རྒྱས་བསྟན་པའི་སྲོག་ཤིང་།ཉམ་ཆུང་སྐྱོང་བའི་ཕ་མ།དགྲ་མགོ་རྡུང་བའི་ཐོ་བ།གླིང་ལྷ་སྡེ་དཀར་པོའི་རྗེ་བོ།ས་བཅུའི་དབང་ཕྱུག་ཆེན་པོ།ཁོང་གི་སྐྱེས་རབས་རྣམ་པར་ཐར་པ་མཐའ་ཡས་ཤིང་།གྲངས་ལས་འདས་པ་ཞིག་ཡོད་པ་ནི།བདག་ལྟ་བུས་སྨོས་ཇི་ལ་དགོས་ཏེ།ཇི་སྐད་དུ།འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོས།ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ།རྩིས་ཀྱི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་ཡོད།གླིང་རྗེ་གེ་སར་རྒྱལ་པོ་ལ།། སྒྲུང་གི་སྒོ་མོ་བརྒྱ་ཁྲི་བཞི་སྟོང་ཡོད།ཅེས་དང་།བོད་མི་རྒན་པོ་རྣམས་ཀྱི་ཞལ་ནས་ཀྱང་།བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་ཅེས།བོད་ཀྱི་གླིང་སྒྲུང་དེ་མང་བའི་ཚད་དུ་གསུངས་ཡོད་ན།བོད་གངས་ཅན་གྱི་འགྲོ་བ་མི་ཡི་རིགས་འདི་ཇི་སྲིད་འཚོའི་བར་དུ།གླིང་གེ་སར་རྒྱལ་པོའི་རྣམ་པར་ཐར་པའི་སྒྲུང་ལའང་ཟད་པའི་མཐའ་མེད་པ་ཞིག་ཡིན་པ་ནི།འདས་ཟིན་པའི་ལོ་རྒྱུས་དང་།ལུང་གི་རྒྱབ་ལྗོངས།མིག་སྔར་གྱི་སྒྲུང་དེབ་དང་བཅས་པས་མཚོན་ལ།འཕེལ་རྒྱས་ཀྱི་ཁྱབ་ཁུངས་སུ་བསམ་ནའང་།མི་ལོ་སྟོང་ལ་ཉེ་བའི་ལོ་རྒྱུས་དང་ལྡན་པའི་གེ་སར་རིག་པ་འདི་ནི།ནང་རྒྱལ་དང་བོད་ཁུལ་ཙམ་ཞིག་མ་ཡིན་པར།ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་།ཨའོ་གོ།འཇར་མན།དབྱིན་ཇི།ཏེ་གོ།ཨུ་རུ་སུ།རྒྱ་གར།བལ་བོ།འབྲུག་ཡུལ།ཕ་ཁའི་སི་ཐན།ཕྱི་སོག་ལ་སོགས་པས་རང་རང་གི་ཡིག་ཐོག་ཏུ་བསྒྱུར་ནས་ཤར་ཕྱོགས་ཀྱི་སྙན་རྩོམ་དབྱིན་ལི་ཡ་ཐེ་ཞེས་བསྟོད་བསྔགས་དང་བཅས་བོད་ཀྱི་ལོ་རྒྱུས་མཚོན་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་འཛམ་གླིང་ན་ཆེས་རིང་བའི་སྙན་རྩོམ་ཚོ་དང་ཚད་ལས་བརྒལ་བ་ཞིག་ལ་ངོས་འཛིན་དང་ཤུགས་རྐྱེན་ཆེ་བཞིན་ཡོད་པ་ནི།རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཡོངས་ཀྱིས་ཁས་ལེན་དང་གཅིག་གྱུར་གྱི་ལྟ་ཚུལ་མཐུན་ཞིང་དར་ཁྱབ་འགྲོ་བཞིན་ཡོད་པ་དང་།མིག་སྔར་ནང་རྒྱལ་གྱི་ས་ཁུལ་དུ་མཚོན་ནའང་།གླིང་གེ་སར་གྱི་སྒྲུང་དཔེ་དང་དག་ཡུས་ཀུར་དང་།སོག་ཧོར།འཇང་ལ་སོགས་པས་རང་གི་ཡིག་ཏུ་བསྒྱུར་བཞིན་དང་།གཞན་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་།པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོགས་ནས་དཔེ་དེབ་ཆེ་ཆུང་བརྒྱ་གྲངས་ལ་ཉེ་བ་ཙམ་ཞིག་འཚོལ་སྡུད་དང་ལེགས་སྒྲིག་དཔར་བསྐྲུན་བྱས་ཟིན་ནའང་།ད་དུང་དཔར་དུ་མ་འཁོད་མེད་པའི་ཕུལ་བྱུང་དཔེ་རྙིང་སྒྲུང་སྐོར།བབས་སྒྲུང་དང་།ཕབ་སྒྲུང་།པྲ་སྒྲུང་།བརྒྱུད་སྒྲུང་།གཏེར་སྒྲུང་།བརྩམ་སྒྲུང་གི་སྐོར་ལ་སོགས་སྒྲུང་རིགས་མང་པོ་ཞིག་དམངས་ཁྲོད་རྣམས་སུ་གཙང་ཆུ་སྔོན་མོའི་རྒྱུན་བཞིན་དུ་རྡོལ་བཞིན་མཆིས་པ་ནི་རང་མི་རིགས་ལ་མཚོན་ན་གཟི་བརྗིད་དང་ལྡན་པའི་ཁྱད་ཆོས་ཞིག་མ་ཡིན་ནམ།ཡིན་ན་ཡང་དེ་དག་ཀྱང་མི་མཐུད་ནས་འཚོལ་སྡུད་དང་།ལེགས་སྒྲིག་ཞིབ་འཇུག་དཔྱད་རྩོམ་སོགས་བྲིས་ནས།བྱ་བ་འཕེལ་རྒྱས་ཀྱི་ཕྱོགས་སུ་གཏོང་རྒྱུ་ནི་རྒྱལ་སྤྱིའི་ཁ་ཕྱོགས།འཛམ་གླིང་རིག་གནས་བང་མཛོད་ཀྱི་སྒོས་མཁོ་ཞིག་དང་།དུས་སུ་བབས་པའི་མི་རིགས་རང་གི་རིག་གནས་ལོ་རྒྱུས་ཀྱི་འོས་འགན།ཤེས་ཡོན་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་བྱ་བ།ཕྱི་གཤོལ་དང་ལེ་ལོ་བྱ་མི་རུང་བའི་འབོད་བསྐུལ་དང་བཅས་པའོ།།གཤམ་དུ་སི་ཁྲོན་ས་ཁུལ་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་བྱ་བ་དང་ལས་ཀ་བསྒྲུབས་པའི་སྐོར་ཅུང་ཞིག་གླང་ན།སྤྱི་ལོ༡༩༨༠ལོར་རྒྱལ་ཁབ་ཀྱིས་ཐུགས་ཁུར་གནང་བའི་འོག ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་།ཀྲུང་གོའི་དམངས་ཚོགས་ཞིབ་འཇུག་ལྷན་ཚོགས་སོགས།ཞིང་ལྗོངས་བདུན་བཅས་ཉམས་དུ་གླང་ཆེན་འགྱིང་རིར་གེ་སར་རིག་པའི་ལས་ཀའི་འཚོགས་འདུ་ཚོགས་པའི་རྗེས།སི་ཁྲོན་ཞིང་ཆེན་གྱིས་གེ་སར་གྱི་སྒྲུང་མྱུར་སྐྱོབ་ལས་ཀ་སྤེལ་མགོ་ཚུགས་པ་ཞིག་རེད།དེའི་སྐབས་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ལྷན་ཁང་དང་།སི་ཁྲོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་།སི་ཁྲོན་ཞིང་ཆེན་མི་དམངས་ཀུན་ཁྱབ་རླུང་འཕྲིན་རྒྱང་སྒྲོག་ཁང་ལ་སོགས་ལས་ཁང་གི་ཤེས་ཡོན་པ་རྩ་འཛུགས་བྱས་ནས།མཁས་པ་དང་ཆེད་ལས་པ་ཚོ།དཀར་མཛེས་རང་སྐྱོང་ཁུལ་དང་།རྔ་བ་རང་སྐྱོང་ཁུལ།རྨུ་གླིང་ངམ་མུ་ལིའུའི་རྫོང་སོགས་བོད་ཁུལ་རྣམས་སུ་གླིང་གེ་སར་རྒྱལ་པོའི་སྒྲུང་རྩར་གཅོད་དང་འཚོལ་སྡུད་ཐོག་མར་བྱུང་བའི་བྱ་བ་ཞིག་རེད།དེ་ནས་བཟུང་རིམ་བཞིན་སྤྱི་ལོ༡༩༨༤ལོར་རྒྱལ་ཁབ་ཀྱིས་མཚན་ཉིད་སྤྱི་ཚོགས་ཚན་རིག་དྲུག་ལྔའི་འཆར་འགོད་གཙོ་བོ་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་སུ་བཞག་དོན་དུ་རྒྱལ་ཁབ་ཀྱིས་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་ཡིན་པ་ངོས་འཛིན་གསལ་བོ་གནང་འོག་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་བཀའ་གནང་ཐོབ་པར་བརྟེན།སི་ཁྲོན་ཞིང་ཆེན་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དབུ་བརྙེས་པ་ཞིག་རེད།དེས་ལས་ཤུགས་ཆེ་རུ་ཕྱིན་ནས།སི་ཁྲོན་ས་ཁུལ་དུ་གླིང་གེ་སར་གྱི་སྒྲུང་གནའ་དཔེ་འཚོལ་སྡུད་དང་།ལེགས་སྒྲིག ཡིག་བསྒྱུར།དཔར་བསྐྲུན་སོགས་བྱ་བ་རིམ་གྱིས་འགྲུབ་པའི་འབྲས་བུ་ནི།《ལྷ་གླིང་གབ་ཙེ་དགུ་སྐོར།》《འཁྲུངས་གླིང་མེ་ཏོག་ར་བ།》《རྟ་རྒྱུག་ནོར་བུ་ཆ་བདུན།》《མོན་གླིང་གཡུལ་འགྱེད།》《ཤན་འདན་སྟག་སེང་ཁ་སྤྲོད།》《སོག་ལི་ཁྲི་རྟ་རྫོང་།》《གངས་རི་ཤེལ་རྫོང་།》《མི་ནུབ་དར་རྫོང་།》《མངའ་རིས་གསེར་རྫོང་།》《དམྱལ་གླིང་རྫོགས་པ་ཆེན་པོ།》《ཆོས་སྒྲུང་དང་བཤད་པ་རྣམ་བདུན།》《ཙ་རིའི་སྨན་རྫོང་།》《རྨ་སྨད་ཇོ་རུ་རྒྱལ་པོའི་རྫུ་འཕྲུལ་གྱི་མཛད་པ་ཁ་ཤས་ཕྱོགས་བསྒྲིགས།》《ཀོང་ཐེའུ་རང་གི་ར་རྫོང་ཕབ་པའི་རྟོགས་བརྗོད།》《འཇང་་གཡུ་ལྷའི་རྟོགས་བརྗོད་ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་ཆོས་ལ་བཀོད་ཚུལ།》《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་སྒྲིག།》《ཧོར་འདུལ་གཡུ་རྒྱལ་ལྷ་ཡི་རྔ་སྒྲ།》《བྱང་བདུད་ཀུ་ར་བདུལ་བའི་རྟོགས་བརྗོད།》《སྟག་གཟིགས་ནོར་འགྱེད།》《གཡུ་གླིང་འཁྲུག་རྩོད།》《ཨ་ཡན་འདུལ་བའི་རྟོགས་བརྗོད།》《རུ་ཏྲའི་འཕྲུལ་རྫོང་།》《མ་ལ་ཡ་ཡི་སྨན་རྫོང་།》《གླིང་དཔའ་བོའི་སྐྱོ་བསང་།》《བྲག་དམར་ཁྱུང་རྫོང་།》《ཤར་བདུད་ཤྭ་བ་རུ་ཏྲ་བཏུལ་བ།》《དབུས་འཆི་བདག་ཆམ་ལ་ཕབ་པའི་ལོ་རྒྱུས།》《གླིང་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཉི་མའི་དཀྱིལ་འཁོར་སྐལ་ལྡན་ཡིད་ཀྱི་མུན་སེལ།》《བདུད་འདུལ་གནམ་ལྕགས་ཐོག་རྫོང་།》《སྲིད་གླིང་དཔག་བསམ་ལྗོང་ཤིང་ལེའུ་གསུམ་པ་ལས།ལེའུ་དང་པོ་གླིང་དཀར་རྒྱལ་འབངས་ཆགས་ཚུལ་དང་།སྐྱེས་བུ་དོན་འགྲུབ་སྐུ་འཁྲུངས་ཤིང་གླིང་གི་བདུད་ཕྲན་མཐའ་དག་བཏུལ་ཞིང་དངོས་གྲུབ་གཡང་ཞལ་ཕྱེ་བའི་ལེའུ་ངོ་མཚར་ཐོས་པ་རང་གྲོལ།》《རྨུ་གླིང་ངམ་རྨི་ལིའུའི་གསེར་གཡང་ངོ་མཚར་གཏམ་གྱི་ཕྲེང་སྟོད་སྨད་ཆ།༣༢གེ་སར་ཚིག་མཛོད་བོད་རྒྱ་ཤན་སྦྱོར་སོགས་དང་།》རྒྱ་ཡིག་གི་འགྱུར་དེབ་ཆེ་ཆུང་བཅུ་ཕྲག་བཞི་ལྷག་བཅས་དཔར་བསྐྲུན་བྱས་ཡོད་པ་དང་།ཡིག་རིགས་གཉིས་ཀྱི་སྒོ་ནས་དུས་དེབ་སོགས་ཀྱི་སྟེང་དུ་རྩོམ་ཡིག་འདྲ་མིན་མང་ཙམ་ཞིག་སྤེལ་ཡོད་པའོ།།གོང་གི་སྒྲུང་དེབ་རྣམས་ནི་དཔེ་རྙིང་རུལ་སུངས་ཀྱི་རིགས་ལེགས་སྒྲིག་བྱས་པའི་སྐོར་ཕལ་ཆེར་ཡིན་པས་ལོ་རྒྱུས་ཀྱི་རིན་ཚད་ཀྱང་ཅུང་ཟད་རེ་ལྡན་སྙམ་པ་དང་།ཡང་སྒོས་འདིར་མཚམས་སྦྱོར་ཕྲན་བུ་ཞིག་བྱེད་དོན་ནི།ཨམ་དབུས་ཁམས་གསུམ་གྱིས་སྒྲུང་དཔེ་བསྐྱར་བྱས་པའི་དཔེ་དེབ་དག་འཚོལ་བདེ་བའི་ཆེད་ཞིག་ཀྱང་ཡིན་པས་དེ་ལུགས་སོ།།
 

  • ལེ་ཚན་སྔོན་མ།:《ཧོར་གླིང་གཡུལ་འགྱེད》ལས་མི་གཤིས་དང་མཐུན་པའི་གླུ་ཚིག་དང་ངག་རྟ་འགའ་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:ཁམས་སྡེ་དགེ་ཡུལ་གྱི་གེ་སར་ངག་རྒྱུན་གྱི་ཁྱད་ཆོས།
  • དོ་སྣང་ཆེ་བའི་རྩོམ།