བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྷག་བཏང་ནས་དགོན་སྡེའི་གྲྭ་ཤག་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ།

ཀྲུང་གོའི་བོད་ལྗོངས་དྲ་བ།        2013-09-06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར1ལྷག་བཏང་ནས་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོའི་གྲྭ་ཤག་ཞིག་གསོ་བཟོ་བསྐྲུན་བྱེད་པར་བཀོལ་རྒྱུ་ཡིན་ཞིང་། ཚོད་དཔག་བྱས་ན་སང་ལོའི་ལོ་མཇུག་ཏུ་ཡོངས་འགྲུབ་བྱེད་རྩིས་ཡོད་ལ། སྐབས་དེར་ལས་དེ་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་གྲྭ་བཙུན་ཡོངས་ལ་ཁྱབ་རྒྱུ་རེད།

སྤྱི་ཟླ9བའི་ཚེས1ཉིན་བོད་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྣེ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བས་གསར་འགོད་པར་འདི་སྐད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ད་བར་དུ་མ་དངུལ་འབོར་ཆེན་བཏང་ནས་བོད་ལྗོངས་ཀྱི་དགོན་སྡེའི་འདུ་ཁང་ལ་སོགས་པ་སྲ་བརྟན་དང་། ཞིག་གསོ་སྲུང་སྐྱོབ་བྱས་ཡོད་ན་ཡང་། དགོན་པའི་གྲྭ་ཤག་ལ་ཆེད་དུ་མ་དངུལ་བཏང་ནས་བཟོ་སྐྲུན་བྱས་མེད། ད་ཆ་གྲྭ་ཤག་མི་ཉུང་བ་ཞིག་གི་ཆ་རྐྱེན་ཞན་ལ། ལོ་མང་འགོར་ནས་བསྐྱར་བཟོ་བྱས་མེད་སྟབས། གྲྭ་བཙུན་གྱི་འཚོ་བ་དང་སྒྲུབ་སྦྱོང་གི་ལས་བྱེད་པར་སྟབས་མི་བདེ་བ་དང་། གྲྭ་ཤག་ཆེས་ཉུང་ཤས་ཤིག་ལ་བདེ་འཇགས་མིན་པའི་ཉེན་ཁ་ཚབས་ཆེན་ཡང་བྱུང་སླ་བའི་གནས་སུ་གྱུར་ཡོད། ད་ཐེངས་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་དུང་ཕྱུར1ལྷག་བཏང་ནས་དགོན་སྡེའི་གྲྭ་ཤག་ཞིག་གསོ་བཟོ་སྐྲུན་བྱེད་པ་དེ་ནི་གཙོ་བོ་དགོན་སྡེའི་གྲྭ་ཤག་གི་འཚོ་བ་ཇེ་ལེགས་དང་སྒྲུབ་སྦྱོང་གི་ལས་ལ་མཐུན་རྐྱེན་བཟང་བོ་ཞིག་བསྐྲུན་ཕྱིར་རེད་ཟེར།

རྒྱུས་ལོན་པ་ལྟར་ན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་དགོན་སྡེ་སོ་སོའི་གྲྭ་ཤག་ཞིག་གསོ་བྱ་བ་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་འཆར་འགོད་ནང་བཞག་ཏེ། དགོན་པའི་ཐོབ་ཡིག་ཐོགས་པའི་གྲྭ་བཙུན་རེར་ཆ་སྙོམས་ཀྱི་སྒོར5000ཡི་ཚད་གཞི་ནང་ལྟར་དགོན་པའི་གྲྭ་ཤག་ཞིག་གསོ་བཟོ་སྐྲུན་ལ་རོགས་དངུལ་སྒོར14665གཤམ་སྤྲོད་བྱས་པ་དང་། དེ་ལྗོངས་ཡོངས་ཀྱི་དགོན་པ1700ལྷག་ལ་ཁྱབ་ཅིང་། གྲྭ་བཙུན་ཁྲི3ལ་ཉེ་བར་ཕན་ཁེ་བསྐྲུན།

རང་སྐྱོང་ལྗོངས་སྲིད་གཞུང་གིས་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ཁག་གིས་རང་སྟེང་གི་ནོར་ཤུགས་དང་དགོན་པའི་གནས་ཚུལ་ཟུང་དུ་སྦྲེལ་ནས་ལྗོངས་རིམ་པའི་སྲིད་གཞུང་གི་མ་དངུལ་དང་བོད་སྐྱོར་མ་དངུལ་ལ་བརྟེན་ནས་དགོན་པའི་གྲྭ་ཤག་ཞིག་གསོ་བྱེད་པར་ཁ་གསབ་རོགས་དངུལ་གནང་དགོས་པའི་བླང་བྱ་བཏོན།

ཉེ་བའི་ལོ་ཚུན་ལ། བོད་ལྗོངས་ཀྱིས་དགོན་པའི་སྤྱི་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། གྲྭ་བཙུན་གྱི་འཚོ་བ་དང་སྒྲུབ་སྦྱོང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་ལ་སོགས་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་བསྒྲགས་པ་དེར་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར300བཏང་ནས་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་འ
  • ལེ་ཚན་རྗེས་མ།:སྐབས་གཉིས་པའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སྨྱན་མང་སློབ་ཆས་དཔྱད་འདེམས་བྱ་འགུལ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།