གཟའ་ཉི་མ།

གཅན་ཚང་རིན་ཆེན་རྒྱལ།༼ མི་ཉག་རྫོགས་ཆེན་སློབ་གྲྭ ༽        2013-09-03

སྣ་སྟེང་གི་འོད་ཐིགས་ཚ་བོ་དེར་ལྟ་ཐེངས་ཤིག་ལས
    གཟའ་ཉི་མ་ཁོ་ན རྨི་ལམ་མེད་པའི་གཉིད་ཟས་མངར་མོ་ཞིག་ཡིན་པ་ཚོར
    ལག་ཟུང་མགོ་འོག་ཏུ་བཅུག་ནས ཡུན་རིང་བོར
    སྒེའུ་སྲུབས་ཀྱི་ཉི་དྲོད་དེ་ནམ་ཡལ་དྲན་ཚེ
    ཐག་རིང་གི་སེར་ཆེན་མེ་ཏོག་རྐང་གཅིག
    རླུང་ཁ་ནས་ཟད་པར་ཞེད་སྣང་ཡང་ཡང་སྐྱེས
    གཡུ་མདོག་གི་དབྱར་མགོ་མ
    ཡིད་འཕྲོག་གི་མེ་ཏོག་རྐང་རེ་རེའི་བཞད་སྟངས་གཉོམ་པོ
    མི་རྐྱང་སེམས་ཀྱི་འཕར་རྩ་རྒོད་པོ་དག་ཡིན་ཕྱིར
    ངས གཤོག་ཟོར་ཡང་བའི་སྦྲང་ཆུང་ཁེར་འཕུར་ཞིག་ཀྱང
    མྱུར་དུ་སྔས་ཁུག་ལ་འཕུར་ཡོང་བར་རེ་བས་སྒུག་གིན་ཡོད
    ཡིན་ནའང དྲོད་ལམ་ལམ་གྱི་ཉི་ཐིགས་འདི་ནམ་མཁའ་ན་ཡོད་སྟབས
    སྤྲིན་ནག་འགའ་ན་ཟུག་ཅིག་གི་འགྱུ་སྟངས་དང་ལྷན
    ཉི་ཐིགས་སུ་ཉིལ་འོངས་ཚེ
    རླུང་བུ་འདི་དྲག་ཏུ་མ་ལྡིང་བའི་སྔ་རོལ་དུ
    ངས མེ་ཏོག་རྐང་གཅིག་དེ
    ང་དང་རླུང་ཁ་ནས་གྱེས་ཚུལ་དེར་ལན་གཅིག་བལྟ་དགོས
    ངོ་མ་བཤད་ན སེམས་པ་འདི་མེ་ཏོག་རྐང་གཅིག་ལ་ཞེ་འཁྲེང་དོན
    བག་ཡངས་ཀྱི་གཟའ་ཉི་མའི་པང་ཁུག་ཏུ
    ཧ་ཅང་ཁེར་རྐྱང་ངང ཨ་ཐང་སེལ་བའི་རུལ་ཉལ་ཐེངས་རེ་བྱེད་དུས
    སྤང་གསེབ་ཀྱི་མེ་ཏོག་རྐང་གཅིག་དེའང
    ལྷོད་ཤ་ཡངས་པའི་རྩྭ་ཐང་གི་ཁུག་པ་རུ
    སྲེད་ཆེ་བའི་ངའི་སེམས་པ་ནང་བཞིན
    མེལ་མེལ་དུ་འཛུམ་པའི་ཁེར་རྐྱང་ཞིག་ངང་གིས་ཚོར་འོངས
    
    ཚོད་ཚོད་ལ་འདང་ཞིག་བརྒྱབ་པས
    སྔོ་གོག་གོག་གི་རྩྭ་ཐང སྔོ་གོག་གོག་གི་ནམ་མཁའ
    གཟའ་ཉི་མ ལྷོད་ཤ་ཡངས་པའི་མི་རྐྱང་ལུས་ཀྱི་ངལ་གསོ་ཐེངས་ཤིག་ཡིན་པས་ཀྱང
    དེ་རིང་ཚ་ལམ་ལམ་གྱི་སྣ་སྟེང་གི་འོད་ཐིགས་འདི
    སླེབས་སྔ་བས་ཀྱང་གཏད་སོ་དཀའ་བའི་དུས་དབྱར་གཞུང་གི་ནམ་མཁའ་ནས་མཆེད་སྟབས
    ངས་མེ་ཏོག་རྐང་གཅིག་གི་རླུང་ཁ་ནས་སྐྱོམ་པའི་འདབ་མ་རེ་རེ
    སེམས་ལ་ཐེངས་ཤིག་གླན་ཏེ
    གཟའ་ཉི་མ ངའི་བག་ཉལ་ཐེངས་ཤིག་གི་གསོལ་སྟོན་དུ་བཤམ་ཆོག
  • ལེ་ཚན་སྔོན་མ།:རང་སེམས་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:མིག་གསུམ་པ།