གླིང་གེ་སར་རྒྱལ་པོས་སྟེར་བའི་བྱ་དགའ—རྟའུ་ནས་འདུས་ཕྱུག་མོ།

རྟའུ།ཟླ་བ་ཚེ་རིང་ནས།        2010-11-23

རྟའུ་ནས་འདུས་ཕྱུག་མོ་ཞེས་པ་དེ་ནི་སི་ཁྲོན་རྟའུ་རྫོང་ཤེལ་ཆུ་གྲོང་རྡལ་ལམ་ཉི་མཚོའི་ཕ་རོལ་ཁ་གཏད་དུ་ཡོད་པའི་རི་བོ་ཞིག་ལ་ཟེར་བ་ཡིན།དེ་ཡང་རི་དེ་ནི་བསིལ་ལྗོངས་ཧྲིལ་པོའི་རི་རྒྱུད་གཞན་དང་མི་འདྲ་བའི་ངོ་མཚར་བའི་ཁྱད་ཆོས་འབུར་དུ་ཐོན་ཞིང་།བདེན་ངེས་པའི་གཏམ་རྒྱུད་དུ་མ་མངའ་བའི་གནས་རི་ཞིག་ཡིན་ཏེ། གནས་རི་དེ་ཤིན་ཏུ་མཐོ་ཞིང་བརྗིད་ཆགས་ཡིད་དུ་འོང་བ་དང་།རི་རྒྱུད་གཞན་དང་གཏན་ནས་འབྲེལ་མེད་པར་མ་ཟད།རི་འདབས་སུ་མཚོ་དང་མཚེའུས་བསྐོར་ལ།རི་མགོར་ནགས་ཚལ་རྩི་ཤིང་གིས་བཀླུབས།རི་སྐེད་དུ་བྱ་བྱེའུ་སྣ་ཚོགས་ཀྱིས་ཁེངས་ཡོད་པས།ངོ་མཚར་ལྟ་ན་སྡུག་པའི་སྣུམ་ཚོན་རི་མོ་ཞིག་ལས་གཉིས་སུ་མི་སྣང་ལ།ཞིབ་པར་བལྟས་ན་འབྲུ་མཆོག་ནས་ནག་སྤུངས་པའི་རི་བོ་ཞིག་མཐོང་བའི་སྣང་བའམ་ཤུགས་ཀྱིས་སྟེར་ཡོང་།ཨོ་དེ་ནི་ལོས་ཡིན་ཏེ།རི་བོ་དེའི་མིང་ལ་ཡང་གནའ་སྔ་མོ་ནས་ནས་འདུས་ཕྱུག་མོ་ཞེས་འབོད་པ་རེད་ལ།ཡུལ་མི་ཀུན་གྱིས་རི་དེ་ནི་གླིང་རྗེ་གེ་སར་རྒྱལ་པོས་རྟའུ་མི་དམངས་ལ་བྱ་དགའ་གནང་བ་རེད་ཅེས་རླུང་ལྟར་སྒྲོག འོ་ན་ཅིའི་ཕྱིར་བྱ་དགའ་གནང་བ་རེད་ཅེ་ན།ངོ་མཚར་ཆེ་ལ་བདེན་ཡང་བདེན་ངེས་པའི་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ།སྔོན་ཧོར་གླིང་གཡུལ་འགྱེད་སྐབས་རྟའུ་ནི་གཡུལ་འགྱེད་སའི་ས་ཁུལ་ཞིག་ཡིན་ལ།གླིང་གི་དཔའ་ཐུབ་འཁྲུངས་སའི་ས་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།ཧོར་གླིང་གཡུལ་འགྱེད་སྐབས་རྟའུ་མི་དམངས་ཀྱིས་གླིང་གི་ཁེ་ཕན་དང་རྒྱལ་ཁའི་ཆེད་དུ་རྡོག་རྩ་གཅིག་སྒྲིམ་གྱིས་ཧོར་དམག་ལ་ངོ་རྒོལ་དྲག་པོ་བྱས་པ་དང་དུས་མཚུངས་སུ་རང་སྲོག་འཛེམས་མེད་ཀྱིས་དམག་འཐབ་དྲག་པོ་བསམ་གྱིས་མི་ཁྱབ་པ་བྱས་ཏེ་གླིང་དམག་ལ་རྒྱལ་ཁ་རྨད་དུ་བྱུང་བ་ཐོབ།ལྷག་པར་དུ་སྐྱེས་ཕོ་མོ་དང་ལོ་རྒན་གཞོན་མེད་པར་ཚང་མས་ནུས་ཤུགས་ཡོད་ཚད་བཏོན་ནས་གླིང་དམག་ལ་ཞབས་ཞུ་ཕུན་སུམ་ཚོགས་པ་བྱས་སྟབས་སེང་ཆེན་རྒྱལ་པོ་གཙོས་བྱས་པའི་གླིང་དམག་ཐམས་ཅད་ཆེས་ཤིན་ཏུ་དགའ་ཞིང་སྤྲོ་སྟེ་གླིང་དམག་ཡོངས་རྫོགས་རྟའུར་བསྡུས་ནས་དགའ་སྟོན་དང་བསྟོད་བསྔགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ།དེ་ཡང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་ཚོགས་ཆེན་འཚོགས་ཏེ་གླིང་དམག་སྤྱི་དང་རྟའུ་མི་དམངས་ལ་བསྟོད་བསྔགས་ཡང་ཡང་གནང་།ལྷག་པར་དུ་རྟའུ་མི་དམངས་ཀྱིས་ཐེངས་འདིའི་དམག་འཁྲུག་སྐབས་དཀའ་བ་དང་དུ་བླངས།ངལ་བ་ཁྱད་དུ་བསད་ནས་བྱས་རྗེས་རླབས་ཆེན་དཔག་ཏུ་མེད་པ་བཞག་ཡོད་པས་དེ་རིང་ནི་བྱ་དགའ་སྟེར་རྒྱུ་ཡིན་ཏེ།འདིར་རིན་པོ་ཆེ་གསེར་དང་དངུལ།བྱུ་རུ།ས་ལེ་སྦྲམ།གཞན་ཡང་མདའ་དང་མདུང་།གྲི་དང་གཞུ་སོགས་མཚོན་ཆའི་རིགས་ཀྱང་སྣ་ཚོགས་ཡོད་པ་ལས་གདམ་གསེས་ཀྱིས་དང་ཅི་འདོད་བཞིན་དུ་སྟེར་བར་བྱེད་དོ་ཞེས་གསུངས་པས་ན།རྟའུ་མི་དམངས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱི་སྒོ་ནས་ང་ཚོར་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེའི་རིགས་མི་དགོས་ལ།མདའ་གྲི་མདུང་གསུམ་སྟེ་མཚོན་ཆའི་རིགས་ཀྱང་གཏན་ནས་མི་དགོས།དགོས་ངེས་པ་འཚོ་བྱེད་ཀྱི་རིགས་འབྲུ་རིགས་ཡིན་པས་ཡོད་ན་ནས་ཡག་པོའི་ས་བོན་ཞིག་གནང་རོགས་ཐུགས་རྗེས་ཆེ་ཞེས་ཞུས།སྐབས་དེར་གེ་སར་རྒྱལ་པོ་ཐུགས་དགྱེས་པའི་ངང་ནས་ཁྱོད་ཚོས་བཤད་པ་དེ་ཤིན་ཏུ་ལེགས་སོ་གསུངས་པའི་དུས་མཚུངས་སུ་ངོ་མཚར་བའི་བལྟས་དང་བཅས་ཕྱག་གཡས་པ་གནམ་དུ་བརྐྱངས་ནས་འབྲུག་མཆོག་ནས་ཀྱི་ས་བོན་རི་བོ་ཙམ་ཞིག་སྐད་ཅིག་ཉིད་དུ་སྤུངས་པ་མ་ཟད།མ་འོངས་པ་ན་ཁྱོད་ཚོས་འབྲུ་རིགས་ལ་བསམ་བློ་གཏོང་མི་དགོས་ཁོ་ཐག་ཡིན།རྗེས་སུ་འདི་རི་བོ་ཞིག་ཏུ་གྱུར་ངེས་པས་རིའི་མིང་ལ་ནས་འདུས་རི་བོ་ཞེས་འབོད།ངག་རྒྱུན་དུ་བཤད་པ་ལྟར་ན།དེ་ནས་བཟུང་རྟའུ་ཡུལ་གྲུ་ཧྲིལ་པོའི་བང་མཛོད་འབྲུ་ཡིས་གང་།ར་བ་ནོར་གྱིས་གང་བའི་རྟེན་འབྲེལ་བྱུང་བ་རེད།  མཐོང་ཐོས་མྱོང་གསུམ་གྱི་སྤྱི་ཚོགས་སམ་འཚོ་བའི་གནས་ཚུལ་དངོས་དང་བསྟུན་ནས་བཤད་ན།རྟའུ་ནས་འདུས་ཕྱུག་མོ་ནི་དངོས་གནས་ནས་སྤུངས་བའི་རི་བོ་ཞིག་དང་འདྲ་བ་མི་ཀུན་གྱིས་ཁས་ལེན་ལ།ལྗོངས་རྒྱུ་བ་ཚང་མས་ཀྱང་བསྟོད་ཅིང་སྒྲོག་པར་བྱེད།དེ་ཡང་དོན་དངོས་སུ་རྟའུ་ནི་གནའ་སྔ་མོ་ནས་འབྲུ་རིགས་ལོ་ལེགས་ཡོང་བའི་ས་ཁུལ་ཞིག་ཡིན་ལ།ལྷག་པར་དུ་ནས་དང་གྲོའི་སྐྱེས་སྟོབས་ཤིན་ཏུ་བཟང་བའི་རྐྱེན་གྱིས་མི་རྣམས་ཀྱིས་གནས་རི་འདི་ལ་ནས་འདུས་ཕྱུག་མོ་ཞེས་འབོད་པ་རེད།
  • ལེ་ཚན་སྔོན་མ།:ཤར་ཇ་མཁར་རིང་མོ།
  • ལེ་ཚན་རྗེས་མ།:གེ་སར་རྒྱལ་པོའི་འགྱོག་རྡོ།
  • དོ་སྣང་ཆེ་བའི་རྩོམ།