རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་བཟོ་འགོད་ལ་མ་དངུལ་སྒོར་དུང་ཕྱུར74བཏང་བར་སྐྱེ་ཁམས་མ་ལག་ལེགས་བཅོས་བྱུང་།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-09-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2013ལོའི་སྤྱི་ཟླ8པའི་ཟླ་མཇུག་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར74བཏང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་ལ་ལེགས་བཅོས་བྱུང་ཞིང་། རྩྭ་ས་ཞན་འགྱུར་གྱི་རྣམ་པ་ཐོག་མའི་འགོག་བཅོས་ཐོབ་ལ། ཆུ་ཁུངས་གསོག་ཉར་གྱི་བྱེད་ནུས་མངོན་གསལ་སྒོས་ཇེ་ཆེར་སོང་།
2005ལོར། ཀྲུང་གོ་སྲིད་གཞུང་གི་འཆར་བཀོད་མ་དངུལ་སྒོར་དུང་ཕྱུར75ལྷག་བཏང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་ལ། ལས་གཞི་ལག་བསྟར་ས་ཁུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་འབྱུང་ཡུལ་གྱི་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ཡིན་པ་དང་། འདི་ནི་ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་ཞིག་ཡིན།
མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཆེད་གཉེར་ཀྲུའུ་རིན་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱེད་རྒྱུར། བསྟུད་མར་ལོ་གསུམ་རིང་། མཚོ་སྔོན་གྱིས་ཤུགས་ཆེན་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལ་སྐུལ་འདེད་བཏང་ཞིང་། ལོ་རེར་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར10ཡན་ལེགས་འགྲུབ་བྱས་ཡོད། 2013ལོའི་སྤྱི་ཟླ8པའི་ཟླ་མཇུག་བར་དུ། བཟོ་འགོད་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར76.5གཏོང་བ་དང་། མ་དངུལ་སྒོར་དུང་ཕྱུར74ལེགས་འགྲུབ་བྱས་ཡོད་ལ། དེས་སྤྱིའི་མ་དངུལ་གྱི97%ཟིན་ཡོད། ལག་བསྟར་བྱས་པའི་ལས་གཞི22ནང་ནུས་ཁུངས་འཛུགས་སྐྲུན་དང་ཨ་བྲའི་གནོད་སྐྱོན་འགོག་པ། མིས་ཆར་དབེབས་པ། སྐྱེ་ཁམས་གནས་སྤོར་སོགས་ལས་གཞི8གྱི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ལ་ལེགས་བཅོས་བྱུང་བ་དང་རྩྭ་ས་ཞན་འགྱུར་གྱི་རྣམ་པར་ཐོག་མའི་འགོག་བཅོས་ཐོབ་ལ། ཆུ་ཁུངས་གསོག་ཉར་གྱི་བྱེད་ནུས་མངོན་གསལ་སྒོས་ཇེ་ཆེར་སོང་ཡོད། ལིས་ཞའོ་ནན་གྱིས་བཤད་རྒྱུར། ད་ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་བཟོ་འགོད་སྐབས་དང་པོ་དེ་མཇུག་སྒྲིལ་བའི་དུས་སྐབས་སུ་སླེབས་པ་མ་ཟད་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱི་ཞིབ་བཤེར་རྩིས་ལེན་དང་ལེན་བྱེད་རྒྱུ་ཡིན་ཟེར།
2011ལོའི་སྤྱི་ཟླ11པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད་པ་མ་ཟད། 《མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་སྤྱི་ཁོག་འཆར་འགོད》ལ་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་ཤིང་། དེའི་དམིགས་ཡུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཞན་འགྱུར་རྣམ་པ་འགོག་བཅོས་བྱེད་རྒྱུ་དེ་ཡིན་ལ། མིག་སྔར་འབྲེལ་ཡོད་ཀྱི་དུས་སྐབས་སྔོན་མའི་བྱ་བ་དག་ལག་བསྟར་བྱེད་བཞིན་ཡོད། །
  • ལེ་ཚན་སྔོན་མ།:རྒྱ་གར་གྱིས་རྒྱལ་ཐོན་གྱི་རྒྱལ་སྲུང་སྲུང་སྐར་དང་པོ་འཕེན་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཧྲེན་དབྱང་དུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།