སྐྱོ་འབུར་བཟོ་བའི་ལག་ཤེས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-20

རྒྱན་རིས་པ་ཏྲའི་ཆ་ལག་ཏུ་གྱུར་པའི་ཤིང་སོགས་ལ་སྐྱོ་འབུར་གྱི་རི་མོ་གཏོད་ཐབས་ནི།།རྒྱུུ་བསྐལ་པའི་བྱེ་ཞག །འབྱར་བྱེད་དབང་ལག །སྣ་རིང་བྱེད་ཟར་མའི་ཁུ་བ།རྒྱུག་བྱེད་ཤེལ་ཀ་ར།།མཉེན་བྱེད་སྦྲང་དང་སྒོག་ཁུ།སྲ་བྱེད་སྤྱིན་ཡིན་པས་དེ་རྣམས་འདུལ་སྦྱང་ཡུན་རིང་བརྒྱུད་གར་སླ་ཞོ་ཙམ་དུ་གྱུར་པ་དེ་སྐྱོ་རྐྱལ་དུ་བླུགས་བཅུར་གྱིས་འབྲི་བར་བྱའོ།།
དེ་ལ་ལག་ལེན་ཞིབ་པར་བརྗོད་ན།བསྐལ་པའི་བྱེ་ཞག་སྲ་མཁྲེགས་ཞིབ་མོ་ལག་རིས་དོད་པ་དེའམ།དེ་ལ་བྱེ་ཤེད་ཆེ་བ་ལ་ས་སྤྱིན་ཅུང་ཟད་བསྲེ་རུང་།དེ་ལ་སྤྱིན་ཆུ་སྣག་དམ་ཙམ་བསྲེས་ནས་དཀར་ཡོལ་དུ་བཏུལ་ཏེ་བལ་ཚགས་ལ་བཞུར་བའི་སྙིག་མ་དོར།།དྭངས་མར་སླར་ཡང་ཆུ་བསྣན་ཏེ་འདྲེས་དཀྲུག་བྱ།དེ་ནས་ཞག་གཅིག་དྭངས་བཅུག་སྟེ་ཁུ་བ་བཞུར་ལ་དོར།དེ་ལ་གོང་གི་དབང་ལག་སོགས་ཚོད་ལྟ་ཞིང་ཅི་དགོས་རན་པར་བཏབ་སྟེ་བསྲེ་འདུལ་ཡུན་རིང་བྱ།གར་སླ་ཞོ་ཙམ་ར་ལུག་གི་པགས་རྐྱལ་མཉེད་མ་སྐྱི་དཀར་ཡོད་པའི་སྐྱི་ནང་བསྟན་བྱས་པར་བླུགས།སྐྱོ་སྦུག་རྩ་བར་མཐེའུ་ཆུང་གི་རྩེ་ཤོང་བ་ཙམ་དཀྲིས་གཉིས་ཡོད་པ་བཅུག་སྟེ།དཀྲིས་གཉིས་པོའི་མཚམས་ནས་སྐུད་པས་དམ་པར་སྡོམ།།སྐྱོ་རྐྱལ་སུམ་ཆ་གཉིས་ཙམ་བཀང་ནས་མཉེད་གཅུར་གྱིས་སྐྱ་རིས་བྲིས་པའི་སྟེང་ནས་བྲི།འབྱམས་ནས་ལེབ་མོར་སོང་ན་སླ་བའི་སྐྱོན་དང་།རྩུབ་ན་བྱེ་ཤེད་ཆེ་བའམ།།འབྱར་བྱེད་ཆུང་བའམ།ཡང་ན་མ་དུལ་བ་ཡིན།གས་ན་སྤྱིན་ཤེད་ཆེ་བ་ཡིན།རྟ་ལྟོ་གྲོག་མའི་སྐེད་འདྲ་བྱུང་ན་ནུར་བ་དང་།སྤུ་རྡུལ་སོང་བ་དང་རྐྱལ་པའི་ནང་དུ་དབུགས་འཐུམས་པ་དང་།།གར་སླ་ལེགས་པོ་མ་འདྲེས་པ་ཡིན།སྐམ་དཀའ་ཞིང་རླན་གྱིས་བང་སླ་ན་དཀར་སྦྲང་ཤེད་ཆེ་བ་ཡིན།རྩི་ཞུད་ནས་མ་ཆགས་ན་དཀར་སྦྲང་ཟར་ཁུ་ཉུང་བ་ཡིན།བྲད་ཚེ་ཀོག་ཀྲུག་སླ་ན་སྤྱིན་ཤེད་ཆུང་བ་ཡིན་པས་ལེགས་པར་བརྟགས་ཏེ་བྱ།སྤུ་རྡུལ་མ་ཤོར་བར་གལ་ཆེའོ།།  གོང་དུ་བཤད་པའི་སྐྱོ་འབུར་གྱི་རྒྱུནི་སྲོལ་རྒྱུན་ལྟར་བྲིས་ཏེ།དེང་དུས་བཟོ་སྐྲུན་དུ་སྤྱོད་པའི་རྡོ་ཞག་རྩམ་པ་རྩིང་པ་ལྟ་བུར་སྤྱིན་ཁུ་གར་པོ་ཁོ་ན་ཙམ་བསྲེས་ནས་བཟོ་བ་སླ་ཐབས་དང་མགྱོགས་ཐབས་ཡིན། སྐྱོ་འབུར་ལ་གསེར་དངུལ་དང་གཤའ་ཡི་སྦྲང་ཤོག་སྦྱར་ན་སུག་ཁུ།ཀ་ར།ཆང་གི་ཉིང་ཁུ།རྒྱ་མཚོའི་ཆུ་རྩྭ་ཁུ་བ་རྣམས་ཆ་མཉམ་པ་དང་།གཞན་ཡང་སྒམ་ཕ་ཝང་གིས་མི་ལྡག་པའི་སླད་དུ་སྒོག་པའི་ཁུ་བ་རྣམས་ཆ་མཉམ་ལ།སྲ་ཞིང་བརླན་གྱིས་མི་འཇིག་པའི་སྤྱིན་བཟང་པོ་ཉིས་འགྱུར་ཙམ་བླུག །བུག་རལ་གྱི་སྐྱོན་མི་མངོན་པའི་ཕྱིར་གསེར་ཤོག་སྦྱར་གཞི་ལ་བ་བླ་དང་ཚོན་ངང་པ།དངུལ་དང་གཤའ་ཤོག་ལ་ལྷང་ཚེར་ཀ་ར་བསྲེས་པ་སྦྱར་ནས་གར་སླ་དར་བ་ཙམ་བྱེད་ལ་བྱུག །སྐམ་ནས་ཁ་ཡིས་ཧས་བཏབ་པའི་རླན་ཙམ་གྱིས་གསེར་ཤོག་སྦྱར་བས་འབྱར།དེ་ཡང་གསེར་ཤོག་དེ་རང་གི་ལག་པའི་ཉ་སྣ་ལྕེས་བང་ཙམ་བལྡག་པའི་སྟེང་དུ་བཞག་ལ།ལག་གཡས་ཀྱི་ཅུང་ཙམ་བཙིར་བས་ཤོག་ངོས་གཅིག་ཏུ་འབྱར་འགྲོ།དེ་ཆུ་སྣོད་ལེགས་པའི་ཁར་གསེར་རྒྱབ་སྐབས་ཀྱི་ཤོག་བུ་དྲུད་འཐག་ནས་ཤོག་བུ་རང་ཚོད་ཟིན་ཙམ་གྱི་དུས་སུ།སྦྱར་རྩིའི་སྟེང་མཐེ་མོས་མནན་པས་འབྱར་འགྲོ།གཤོང་བུ་སྦྱར་དཀའ་བ་རྣམས་སུ་རྙིང་ཤུན་དུ་ཟན་སླ་མོ་བཏུམ་པའམ།ཡང་ན་ཤིང་བལ་སོགས་ཀྱིས་མནན་ན་གཤོང་ངམ་སྐྱོང་མོར་འགྲོའོ།།ཞེས་བཟོ་གནས་ཉེར་མཁོ་ལས་གསུངས་སོ།།
  • ལེ་ཚན་སྔོན་མ།:རྡོ་མགར་གྱི་ལག་ཤེས།
  • ལེ་ཚན་རྗེས་མ།:བང་ཁང་བཟོ་བའི་ལག་ཤེས།
  • དོ་སྣང་ཆེ་བའི་རྩོམ།