རང་ཁུལ་གྱི་མང་ཚོགས་ལས་ཀར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཁས་ལེན་གང་ལེགས་གནང་བ།

ཆོས་འཛིན་གྱིས་བསྒྱུར།        2013-08-12

     ན་ལོ་ནས་བཟུང་།རང་ཁུལ་གྱིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུས་ཁུལ་ཡོངས་ཀྱི་ལས་ཀར་སྤྱི་ཁྱོན་བཀོད་འདོམས་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་སྐྲུན་ཡོད།གཉེན་ཉེ་སྒྲིག་རིང་བརྩེ་སེམས་ངོ་མ་མཚོན་པ་དང་།བློ་སེམས་མཉམ་གཏད་བྱེད་རིང་ཐུན་མོང་གི་ངོས་འཛིན་ཆགས་པ།གཅེས་སེམས་འབུལ་བའི་རོགས་སྐྱོར་བྱེད་རིང་བདེ་དྲོད་སྟེར་བ།དྲིལ་བསྒྲགས་དང་སློབ་གསོ་བྱེད་རིང་ནུས་ཤུགས་སྒྲིམ་བ།མཉམ་སྐྲུན་མཉམ་གཏོད་བྱེད་རིང་རིམ་པ་མཐོ་རུ་གཏོང་བ།བདེ་སྐྱིད་ཨར་ལས་སྐྲུན་རིང་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བཅས་བྱེད་ཡོད།རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བར་ཏང་ཀྲུང་དབྱང་དང་ཀྲུང་དབྱང་འགོ་ཁྲིད་ཀྱིས་བསྟོད་བསྔགས་ཆེན་པོ་གནང་བ་རེད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་རང་ཁུལ་གྱི་མང་ཚོགས་ལས་ཀར་ཁས་ལེན་གང་ལེགས་གནང་ཐོག།མཐར་མཐུད་ནས་མང་ཚོགས་ལས་ཀ་སྤེལ་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་འཚོ་ལེགས་བཅོས་བྱེད་པ།དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ།མི་རིགས་མཐུན་སྒྲིལ་དང་ཐུན་མོང་དུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཁུལ་བརྟན་བརླིང་སྲུང་སྐྱོང་དོ་དན་བྱེད་དགོས་ཞེས་བླང་བྱ་གནང་བ་རེད།
    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཀྲུང་དབྱང་བོད་ལྗོངས་ལས་ཀའི་གཞོགས་འདེགས་ཚོ་ཆུང་གི་ཚོ་དཔོན་གཞོན་པ་ཏུའུ་ཆིང་ལིན།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལེ་ཅི་སོགས་ཀྲུང་དབྱང་གི་འགོ་ཁྲིད་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཝེ་ཧུང་བཅས་རྣམ་པས་སྔོན་རྗེས་སུ་རང་ཁུལ་གྱི་མང་ཚོགས་ལས་ཀ་ལས་ལུགས་ཡག་པོ་དང་ཉམས་མྱོང་ཡག་པོ་ལ་ཁས་ལེན་གང་ལེགས་གནང་ཞིང་གདེང་འཇོག་མཐོན་པོ་གནང་བ་དང་ཆབས་ཅིག་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་རེད།
    རང་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ལས་ཀར་ཀྲུང་དབྱང་གིས་ཁས་བླངས་པ།
    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་སྲུང་སྐྱོང་ལས་ཀར་ཁ་གཏད་འོས་འཚམས་འཇལ་བ་ཕྱོགས་སྡོམ་བྱས་ཐོག།ཚན་རིག་དང་མཐུན་པའི་སྒོ་ནས་རང་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུའི་བསམ་ལམ་བཏོན་ནས་ཁུལ་ཡོངས་ཀྱི་འགྱུར་བ་མེད་པའི་བརྟན་བརླིང་སྲུང་སྐྱོང་བྱས་པ་ནས་འགྱུར་ཡོད་བརྟན་བརླིང་སྲུང་སྐྱོང་བྱེད་པར་སྒྱུར་བ་དང་།བབ་བསྟུན་བརྟན་བརླིང་སྲུང་སྐྱོང་བྱས་པ་ནས་རྒྱུན་ལྡན་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་པར་སྒྱུར་བ།དྲག་ཆས་འཇིགས་སྣང་ཁོ་ནར་བརྟེན་ནས་བཙན་ཤེད་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱས་པ་ནས་མང་ཚོགས་ལས་ཀས་གཙོ་བོ་བྱེད་པའི་འཇམ་ཐབས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་པར་སྒྱུར་བ།དྲག་རྡུང་བཅོས་སྐྱོང་བྱེད་པའི་མི་ཡིས་བཅོས་སྐྱོང་བྱེད་སྟངས་ཀྱི་དབང་ཆར་བརྟེན་ནས་བཅོས་སྐྱོང་བྱས་པ་ནས་ཁྲིམས་ལ་བརྟེན་ནས་ཁུལ་བཅོས་སྐྱོང་བྱེད་པའི་ལམ་ལུགས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་པར་སྒྱུར་བ།སྲིད་ཁྲིམས་དཔུང་སྡེ་ཆེད་ལས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱས་པ་ནས་མང་ཚོགས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་བྱེད་པར་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ནས་ཁུལ་ཡོངས་དེ་གཞན་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱས་པ་ནས་རང་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱེད་པར་འགྱུར་བ།རང་ཁུལ་གྱི་རང་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུའི་བསམ་ལམ་ལ་ཀྲུང་དབྱང་འགོ་ཁྲིད་ཀྱིས་ཁས་ལེན་མཐོན་པོ་གནང་བ།ཀྲུང་དབྱང་བོད་ལྗོངས་ལས་ཀའི་གཞོགས་འདེགས་ཚོ་ཆུང་གི་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི་བོད་ཁུལ་ཚང་མར་དཀར་མཛེས་བོད་ཁུལ་གྱི་རང་དབང་གིས་བརྟན་བརླིང་སྲུང་སྐྱོང་བྱེད་པ་ལྟར་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:འགན་འཁྲི་ཤེས་ཤིང་ལས་འགན་ཁུར་ནས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་ལ་བརྟེན་ཏེ་མང་ཚོགས་ལས་ཀའི་སྒུལ་ཤུགས་ཆེན་པ
  • ལེ་ཚན་རྗེས་མ།: གཉེན་ཉེ་སྒྲིག་པའི་བྱེད་སྒོའི་དུས་རིམ་གཉིས་པའི་ལག་བསྟར་བྱ་རྒྱུའི་འཆར་འགོད།
  • དོ་སྣང་ཆེ་བའི་རྩོམ།