བཙན་རྒོད་ཡམ་ཤུད་ཕག་གདོང་།

བདེ་ལྷས་བཤུས།        2010-11-19

ནུབ་སྟག་གཟིག་འོལ་མོ་ལུང་གི་བྲག་དམར་ཁྱུང་གི་ཕོ་བྲང་ནང་དུ་གནས་པའི་གཏེར་བདག་ཞིག་སྟེ།གླིང་རྗེ་གེ་སར་གྱིས་མདས་བྲག་གི་གཏེར་སྒོ་ཕྱེ་བ་ན་ཁོ་སྐྲ་ཁམ་པ་གྱེན་ལ་གཟེངས་ཤིང་རྣ་མཆོག་གིས་ཉི་ཟླ་སྒྲིབ་པ།མིག་གཉིས་སེར་ཅན་འདྲ་བ།ལག་ལ་ནད་ཀྱི་རྐྱལ་པ་མཚོན་གྱི་གྲུ་གུ་ཐོགས་པ།བཙན་རྟ་གླང་བུ་དམར་པོ་ཁྲག་གི་མཆུ་ཅན་སྒ་མེད་པར་ཞོན་པའི་འཇིགས་སུ་རུང་བའི་རྣམ་པས་གླིང་རྗེ་བློན་རྣམས་ལ་བསྡིགས་མོ་བྱས་པས།གེ་སར་རྒྱལ་པོས་སྟོང་ཉིད་ཀྱི་ལྟ་བས་ཟིལ་གྱིས་མནན།གསེར་གྱི་རྡོ་རྗེ་སྤྱི་བོར་བཞག་སྟེ།བཀའ་བསྒོ་དམ་བཞག་མཛད་པས།ཁོས་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་ལྷ་མི་ཀླུ་གསུམ་གྱི་ནོར་བུས་གཙོས་སྨན་ཤོར།གོ་མཚོན་སོགས་རྩ་ཆེན་བསམ་གྱིས་མི་ཁྱབ་པ་མང་པོ་དང་།མཁའ་འགྲོ་དམར་མོའི་ཆོས་སྐོར་ལེ་ཚན་བཅུ་གསུམ་སོགས་ཕྱག་ཏུ་ཕུལ་བས་གླིང་རྗེས་ཆོས་འདི་སྙིགས་མ་ལྔའི་དུས་སུ་དགོས་པ་ཡོད།ད་ལྟ་ང་ལ་བླང་བའི་སྐལ་བ་མེད་གསུངས་ནས་མ་བཞེས།དེ་མིན་གྱི་ནོར་གཏེར་རྣམས་བསྣམས་ཤིང་སྒར་དུ་ཕེབས་པའོ།།
  • ལེ་ཚན་སྔོན་མ།:འཇང་ས་དམ་རྒྱལ་པོ།
  • ལེ་ཚན་རྗེས་མ།:རྒྱ་ཚ་རྣམ་གསུམ།