ལོ་ན་ཆེ་བའི་སྦྲུམ་མར་མངལ་ཤོར་བའི་ཉེན་ཁ་ཅུང་ཆེ།

    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།    2013-07-31

ལོ་ན་ཆེ་བའི་སྦྲུམ་མར་མངལ་ཤོར་བའི་ཉེན་ཁ་ཅུང་ཆེ།

སྤྱིར་སྦྲུམ་མ་ཕལ་ཆེ་བ་ཞིག་མངལ་ཆགས་ནས་ཅུང་མ་འགོར་བའི་ཐོག་མའི་དུས་སུ་མངལ་ཤོར་བཞིན་ཡོད་ལ། ལོ་ན་ཆེ་བའི་སྦྲུམ་མར་ཐོག་མའི་དུས་སུ་མངལ་ཤོར་བའི་ཉེན་ཁའི་རང་བཞིན་དེ་ལོ་ཆུང་བུད་མེད་དང་བསྡུར་ན་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད། ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྦྲུམ་མར་མངལ་ཤོར་བའི་ཉེན་ཁའི་རང་བཞིན་དེ་བརྒྱ་ཆའི་བཅུ་གཉིས་ནས་བཅོ་ལྔ་ཙམ་རེད། འོན་ཀྱང་ལོ་བཞི་བཅུར་བུད་པའི་སྦྲུམ་མར་མངལ་ཤོར་བའི་ཉེན་ཁའི་རང་བཞིན་དེ་ཧ་ལམ་བརྒྱ་ཆའི་ཉེར་ལྔ་ཙམ་རེད། དེར་མ་ཟད་ད་དུང་ལོ་ན་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མངལ་ཤོར་བའི་ཉེན་ཁ་ཆེ་ཟེར།
ལོ་ན་ཆེ་བའི་བུད་མེད་ཀྱིས་མངལ་སྦྲུམ་ན་མི་རང་ཉིད་དང་ཡང་ན་སྦྲུམ་བུ་ལ་ཉེན་ཁ་ག་འདྲ་ཡོད་དམ་ཞེ་ན།
ལོ་ན་ཆེ་བའི་བུད་མེད་ཡིན་ནའང་འདྲ། ཡང་ན་ལོ་ན་ཆུང་བའི་བུད་མེད་སུ་ཞིག་ཡིན་རུང་མངལ་སྦྲུམ་འདོད་པའི་སྐབས་སུ། དེའི་སྐོར་གྱི་ཤེས་བྱར་རྒྱུས་ལོན་རེ་བྱས་ན་བཟང་། ལོ་སོ་ལྔའི་ཡན་གྱི་སྦྲུམ་མའི་ཁྲོད་དུ་གཅིན་སྙི་ཟ་ཁུའི་ནད་དང་གཟའ་གྲིབ་ཕོག་པའི་ནད། བུ་སྣོད་ནང་གི་ཚི་སྣའི་ཤ་སྐྲན། ཁྲག་ཤེད་མཐོ་བའི་ནད་དང་མཁལ་མའི་ནད་སོགས་བྱུང་ཡོད་མཁན་ཧ་ཅང་མང་བས། ནད་རིགས་དེ་དག་གིས་སྦྲུམ་མ་དང་སྦྲུམ་བུ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད།
མངལ་སྦྲུམ་པའི་སྐབས་སུ། ལོ་སོ་ལྔའི་ཡན་གྱི་སྦྲུམ་མར་ལོ་ཆུང་སྦྲུམ་མ་དང་བསྡུར་ན་སྦྲུམ་མའི་སྐབས་ཀྱི་ཁྲག་ཤེད་མཐོ་བའི་རྟག་འདུས་ནད་དང་སྦྲུམ་མའི་སྐབས་ཀྱི་གཅིན་སྙིའི་ཟ་ཁུའི་བསྡོངས་ཟླའི་ནད་འབྱུང་ཚད་མཐོ་བར་མ་ཟད། ད་དུང་དེའི་ཉེན་ཁའི་རང་བཞིན་དེ་ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྦྲུམ་མ་དང་བསྡུར་ན་ལྡབ་གཉིས་རེད། ཞིབ་འཇུག་བྱས་པ་ལས་ཤེས་པ་ལྟར་ན། ལོ་བཞི་བཅུའི་ཡན་ལ་བུད་པའི་སྦྲུམ་མར་ཁྲག་ཤེད་མཐོ་བའི་བསྡོངས་ཟླའི་ནད་དང་། གཅིན་སྙིའི་ནད་འབྱུང་ཚད་དེ་ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྦྲུམ་མ་དང་བསྡུར་ན་ལྡབ་བཞི་རེད་ཟེར།
ལོ་སོ་ལྔའི་ཡན་གྱི་སྦྲུམ་མར་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཡོད་པ་ལས་གཞན་ད་དུང་བུ་རོགས་ཀྱི་གནད་དོན་ཡང་འབྱུང་ངེས་རེད། དེའི་ནང་ནས་ང་ཚོས་རྒྱུན་དུ་མཐོང་བ་ཞིག་ནི་བུ་རོགས་མདུན་ཆགས་ཀྱི་གནད་དོན་རེད། ཞིབ་འཇུག་འགའ་རེ་ལས་མངོན་པ་ལྟར་ན། ལོ་བཞི་བཅུའི་ཡན་ལ་བུད་ཅིང་མངལ་ཐོག་མར་སྦྲུམ་པའི་བུད་མེད་ལ་བུ་རོགས་མདུན་ཆགས་ཀྱི་གནད་དོན་བྱུང་ཚད་དེ་ལོ་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྦྲུམ་མ་དང་བསྡུར་ན་ལྡབ་བརྒྱད་ཙམ་གྱིས་མཐོ་ཟེར། བུ་རོགས་མདུན་ཆགས་ཀྱི་གནད་དོན་བྱུང་ན་བྱིས་པ་བཙའ་སྐབས་ཁྲག་མང་པོ་བུད་ནས་མ་བུ་གཉིས་ཀའི་བདེ་འཇགས་ལ་འཇིགས་སྣང་བཟོ་ངེས།
ཡང་ཞིབ་འཇུག་ཅིག་ལས། ལོ་ན་ཆེ་བའི་སྦྲུམ་མས་བྱིས་པ་ཟླ་མ་ལོངས་བར་སྐྱེས་པ་དང་ཡང་ན་སྐྱེས་རྗེས་བྱིས་པའི་ལུས་བོངས་ཆུང་བ་དང་ལྗིད་ཚད་དམའ་བ་སོགས་ཀྱི་གནས་ཚུལ་འབྱུང་ཚད་མཐོ་བར་མ་ཟད། ལོ་ན་ཅི་ཙམ་ཆེ་ན་དེ་ཙམ་གྱིས་ཇེ་མཐོར་འགྲོ་ངེས་པ་བདེན་དཔང་བྱས་ཡོད། 1993ལོར་ཨ་མེ་རི་ཁའི་ཞིབ་འཇུག་ཅིག་ལས་ཀྱང་ལོ་ན་ཆེ་བའི་སྦྲུམ་མས་བྱིས་པ་ལུས་བོངས་ཆུང་བ་དང་ལྗིད་ཚད་དམའ་བ། ཡང་ན་ཟླ་མ་ལོངས་པར་སྐྱེས་པའི་ཉེན་ཁའི་རང་བཞིན་དེ་ལོ་ཉི་ཤུ་ནས་ཉེར་བཞིའི་བར་གྱི་སྦྲུམ་མ་དང་བསྡུར་ན་ལྡབ་གཉིས་ཀྱིས་མཐོ་བ་བདེན་དཔང་བྱས་ཡོད། །
  • ལེ་ཚན་སྔོན་མ།:ཆུ་ཡིས་སྨན་བཅོས་བྱེད་ཐབས་འགའ །
  • ལེ་ཚན་རྗེས་མ།:བུད་མེད་ཀྱི་བདེ་ཐང་སྐོར་གྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།