ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རོབ་ཙམ་གླེང་བ།(1)

དཔའ་མཁར་རྒྱལ།        2013-07-11

ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རོབ་ཙམ་གླེང་བ།

གླེང་གཞི།
འཛམ་གླིང་འཛིན་མའི་རྒྱན་དུ་གྲགས་པའི་མདོ་དབུས་མཐོ་སྒང་དུ་གནས་པའི་བོད་རིགས་མི་དམངས་ལ་མཚོན་ན་གླུ་དང་གར་གྱི་ལོ་རྒྱུས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད།གླུ་གར་གྱི་ནང་དོན་དང་རྣམ་པ།ཉམས་འགྱུར་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་བྱུང་བའི་དངོས་ཡོད་གནས་ཚུལ་རྣམས་སེམས་ཁམས་ཀྱི་འགྱུར་བག་གི་རྣམ་པ་དང་སྦྱར་ཏེ།ཕུན་སུམ་ཚོགས་པའི་གཞས་ངག་གིས་རིགས་ཅན་ཀུན་ལ་དགའ་སྐྱོའི་འཚོ་བ་ཇི་བཞིན་སྩོལ་ནུས་པའི་གནའ་བོའི་སྒྱུ་རྩལ་ཕུལ་དུ་བྱུང་བ་དར་ཡོད་སྟབས།དེང་དུས་མི་རིགས་གཞན་གྱིས་ཀྱང་བོད་ལ་༼གླུ་གར་གྱི་རྒྱ་མཚོ༽དང་།བོད་མི་ལ་༼གླུ་གཞས་ལྷུན་ཆགས་སུ་མངའ་བའི་འཇིག་རྟེན་གྱི་སྒྱུ་རྩལ་མཁན་པོ༽ཞེས་ཁ་མིག་ཡར་ལྟ་དང་རེ་སྨོན་ཞུ་ཡུལ་ཞིག་ཏུ་གྱུར་ཡོད་ལ།བོད་ཀྱི་ཁ་དཔེར་ཡང་།སྐད་ཆ་བཤད་ཤེས་ན་གླུ་ལེན་ཤེས་པ་དང་།གོམ་པ་སྤོ་ཤེས་ན་བྲོ་ཡང་འཁྲབ་ཤེས་ཞེས་པའི་གནའ་བོའི་ངག་རྒྱུན་གཙང་མ་དེ་ད་ལྟའི་བར་རྒྱུན་འབྱམས་སུ་ཆགས་ཡོད། ཨ་མདོའི་ཡུལ་གྲུ་ཀུན་ཀྱང་བོད་ཁམས་བྱིངས་དང་འདྲ་བར་ཕ་མེས་ཡང་མེས་ནས་བརྒྱུད་པའི་ས་གནས་ཀྱི་ཁྱད་ཆོས་གཙོར་བཟུང་བའི་གླུ་ཚིག་ཇི་སྙེད་ཅིག་མཆིས་པ་ལས་ནམ་རྒྱུན་ཁ་ཟས་དང་སྦྱར་ཏེ་བྱུང་བ་ལ།ཇ་བཤད་དང་།ཆང་བཤད།ཤ་བཤད།ཆུ་བཤད་བཅས་ཟས་རིགས་གཙོ་བོར་བྱས་པའི་གཏམ་བཤད་དང་དགོད་གཏམ་སྣ་ཚོགས་ཤིག་དར་ཡོད་པ་དང་།གཉེན་སྟོན་སོགས་བཀྲ་ཤིས་པའི་དགའ་སྟོན་དང་སྦྱར་ཏེ་བྱུང་བ་ལ།གཉེན་བཤད།ཁྲོམ་བཤད།བག་བཤད།མག་བཤད།ལྭ་བཤད།སྐྲ་བཤད།བར་བཤད་སོགས་རྒྱུ་འབྱོར་གྱི་རིམ་པ་ནས་ཟས་གོས་ཀྱི་ཆ་རེར་བཤད་རྒྱན་ཉན་པར་སྤྲོ་བ་ཞིག་དར་ཁྱབ་བྱུང་བ་ལ་སྟོན་བཤད་ཅེས་པའི་ཁོངས་སུ་འདུ་བ་དང་།དེ་མིན་ད་དུང་ནམ་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངོས་ཟོག་གི་རིམ་པར་སྦྱར་ཏེ་བརྗོད་པ་ལ།རྟ་བཤད།ལུག་བཤད།ནོར་བཤད།ཤྭ་བཤད་བཅས་དང་།འཚོ་སྡོད་ཁང་གཞིས་ནས་རྒྱུན་སྤྱོད་ཡོ་ཆས་ཀྱི་རིམ་པར་སྦྱར་བ་ལ།ས་བཤད།གནས་བཤད།ཁང་བཤད།དུར་བཤད།ཤིང་བཤད།ཞིང་བཤད་ནས་མཐའ་ན་མདའ་བཤད།མདུང་བཤད།གྲི་བཤད་སོགས་དཔའ་བོའི་རུ་མཚོན་དང་སྦྱར་ནས་བརྗོད་ཡོད། གཞན་ཡང་ལོ་རྒྱུས་ཀྱི་རྣམ་པ་མི་འདྲ་བའི་གཏམ་རྒྱུད་ཀྱི་བཤད་པ་ལ་རོ་སྒྲུང་།བྱིས་སྒྲུང་།གནའ་སྒྲུང་།དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་སྙེད་ཅིག་མཆིས་པའི་བར་ལ་བཤད་རྒྱུན་ལོ་རྒྱུས་དང་ལྡན་པ་འདི་དག་གིས་ད་གཟོད་དམངས་ཁྲོད་རྩོམ་རིག་ཅེས་པའི་ནང་དོན་ཕུན་སུམ་ཚོགས་པའི་ངག་རྩོམ་གྱི་མ་ལག་འདི་ཉིད་དར་རྒྱས་བཏང་བ་རེད།དེ་དག་ལས་ཨ་མདོའི་ཡུལ་དུ་མི་རབས་ནས་མི་རབས་བར་དར་སྤེལ་བཏང་བའི་ཤེས་རིག་གསོན་ཉམས་ལྡན་པའི་དམངས་གླུ་ཞེས་པ་དེས་ཉན་མཁན་སིམ་པར་བྱེད་པ་དང་།དགའ་སྐྱོ་གང་གི་སྐབས་སུའང་ཉན་མཁན་རྣམས་ལ་སྔ་ན་མེད་པའི་ཚོར་སྤོབས་གསར་བ་ཞིག་གིས་ནུས་སྟོབས་ཀྱི་སྒུལ་ཤུགས་སྟེར་ཐུབ་པ་ལགས་ན།འདིར་ཁོ་བོས་ཨ་མདོའི་ཡུལ་དུ་དར་བའི་དམངས་གླུ་རྐྱང་བའི་ངོས་ནས་དེའི་བྱུང་བ་དང་སྦྲེལ་ཏེ་འབྲེལ་ཡོད་ཀྱི་གནས་ཚུལ་དང་།ལུགས་སྲོལ།ད་དུང་དམངས་གླུའི་སྒྱུ་རྩལ་གྱི་རྣམ་པ་ནས་དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་དགེ་མཚན་ལྡན་པའི་ཁྱད་ཆོས་ཀྱི་སྐོར་མདོར་བསྡུས་ཏེ་བརྗོད་པ་ལ།
 དང་པོ།ཨ་མདོའི་དམངས་གླུའི་བྱུང་བ་བརྗོད་པ།
དེ་ཡང་ཨ་མདོའི་ཡུལ་གྱི་བོད་རིགས་ནི་གནའ་སྔ་མོ་ནས་བཟུང་རང་བྱུང་ཁམས་ལ་འབྲེལ་འདྲིས་བགྱིས་པའི་ངལ་རྩོལ་དང་ཤེས་རིགས་ལ་བརྟེན་ནས་བློ་རྒྱ་ཇེ་མཐོར་ཕྱིན་པ་ཞིག་ཡིན་ལ།མི་རྣམས་ཀྱིས་རང་གི་སྤྱི་ཚོགས་འཚོ་བའི་དངོས་བབ་ལས་དམངས་ཁྲོད་ཀྱི་ངག་རྩོམ་སྙན་མོ་དེ་དག་འཕེལ་རྒྱས་བཏང་བ་ལྟར་ན།སྙན་འཇེབས་ལྡན་པའི་ཨ་མདོའི་དམངས་གླུ་དེའང་ཆེས་སྔ་མོ་ཞིག་ནས་དར་བར་འདོད་དེ།མི་རྣམས་ཀྱིས་ཟས་སུ་ཤིང་འབྲས་དང་གོས་སུ་ཤིང་ལོ་གྱོན་པའི་ཡ་ཐོག་རིང་མོའི་སྐབས་སུ་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་ཐབས་སུ་སྐད་ཅོར་བརྒྱབ་པ་དེ་ཉིད་འདིར་བསྟན་དམངས་གླུའི་ཐོག་མའི་དུས་སུ་ངོས་བཟུང་ནའང་འགལ་བ་མེད་པར་སེམས་ཏེ།དེང་སང་སྤྲ་མིར་རྟོག་དཔྱོད་བྱེད་མཁན་དག་གིས་མིའི་སྐད་ཆའི་ཐོག་མ་ཞིབ་འཇུག་བྱས་འབྲས་ལས་སྐད་གསེང་མཐོ་བའི་ཀི་ངག་གི་བཞད་སྒྲ་དེ་ཉིད་མིའི་རིགས་ཀྱི་ཆེས་ཐོག་མའི་སྒྲ་དབྱངས་སུ་ངོས་འཛིན་བྱུང་བར་གཞིགས་ན།བོད་དུ་དར་བའི་དམངས་གླུ་ལེན་ལུགས་དེ་ཡང་ཡ་ཐོག་རིང་མོའི་སྐབས་ཀྱི་ཤེས་རིག་གི་བཞུར་རྒྱུན་གཤའ་མ་ཞིག་ཡིན་པར་གསལ་ཐོ་བཀོད་ཆོག་སྙམ།གནའ་བོའི་བོད་ཀྱི་ཡ་ཐོག་སྤྱི་ཚོགས་ཀྱི་དུས་སུ་མི་དང་མིའི་བར་ཕན་ཚུན་གོ་བརྡའི་ཚུལ་དུ་སྐད་བསྲིངས་ཏེ་འབོད་པའམ་སྐད་ཅོར་བསྲིངས་པ་དེ་ཉིད་དུས་ཕྱིས་ཀྱི་འཚོ་བའི་གནས་བབ་དང་བསྟུན་ཏེ་གོ་རིམ་ཅན་དུ་འཕེལ་བ་སུས་ཀྱང་བསྙོན་མེད་ཡིན་པ་ལྟར་དམངས་གླུའི་ཐོག་མའི་སྐད་གདངས་བསྲིངས་ཏེ་འོ་ཡེ་ཞེས་པ་དེ་ཡང་སྒོ་དེ་དང་བསྟུན་ནས་གོ་རིམ་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་ཆོས་ཉིད་ཡིན།དེའི་གདངས་ཀྱི་ང་རོའི་རྣམ་པའམ་ནང་དོན་གྱི་ཆ་ཐམས་ཅད་གནའ་བོའི་སྤྱི་ཚོགས་འཚོ་བའི་ཆོས་ཉིད་ཡིན་ཏེ།དེའི་གདངས་ཀྱི་ང་རོའི་རྣམ་པའམ་ནང་དོན་གྱི་ཆ་ཐམས་ཅད་གནའ་བོའི་སྤྱི་ཚོགས་འཚོ་བའི་གནས་བབ་མཚོན་པའི་ནང་དོན་ལྡན་པ་ཞིག་རེད།
སྤྱི་ཚོགས་འཕེལ་འགྱུར་ལས་བྱུང་བའི་དགེ་མཚན་གསར་པའང་སྡུད་ལེན་བྱས་རྐྱེན་དམངས་གླུའི་ནང་དོན་དམིགས་གཏམ་གྱི་གཏད་སོ།དགྲ་གྲོགས་ཀྱི་ཤགས་འགྱེད།དྲི་བ་དྲིས་ལན་སོགས་རིགས་མང་ལ་དོན་ཞིབ་པའི་ད་ལྟའི་ཚད་འདི་ཙམ་དུ་འཕེལ་ཐུབ་པ་བྱུང་བས་དམངས་ཁྲོད་ཀྱི་ངག་རྩོམ་ཕུལ་དུ་བྱུང་བ་ཞིག་གོ།།ད་ལྟའི་བར་དར་རྒྱས་བྱུང་བའི་དམངས་ཁྲོད་ཤེས་རིག་གི་དམངས་གླུའི་ཐོག་མའི་གདངས་ཀྱི་འོ་ཡེ་ཞེས་པ་དེ་སྤྱིར་བཏང་གི་སྐད་ངག་རང་ག་བ་ཞིག་མ་ཡིན་པར་གནའ་བོའི་ཤེས་རིག་གི་ངོ་བོ་མཚོན་པའི་སྐད་གདངས་ཁྱད་པར་ཅན་གྱི་དབྱངས་རྟ་ཞིག་རེད།དམངས་ཁྲོད་ཀྱི་གླུ་གཞས་བཟང་ངན་གང་ལའང་ཐོག་མར་སྐད་གདངས་འདིས་མ་ཁྱབ་པ་མེད་པར་མཐོང་སྟེ།མི་རིགས་གཞན་གྱི་དམངས་ཁྲོད་རྩོམ་རིགཏུ་བཀོད་པ་ལས་འདིར་ཚབ་མཚོན་ཙམ་དྲངས་ན།གནའ་བོའི་བཙན་པོའི་དམག་རྒྱུད་ལས་མཆེད་པར་གླེང་བའི་ཧྲན་ཞིའི་ས་ཁུལ་གྱི་གཞིས་སྡོད་གྲོང་མིའི་དམངས་གླུ་ལེན་པའི་ཐོག་མའི་གདངས་འོ་ཡེ་ཡ་ཞེས་འབོད་པ་དེའང་བོད་ཀྱི་དམངས་གླུའི་ཐོག་མའི་གདངས་འོ་ཡེ་ཞེས་པ་དང་སྒོ་ཀུན་ནས་མཚུངས་ཤིང་།དང་ཐོག་དེས་སྐད་གདངས་བསྲིངས་ལུགས་དང་སྐད་ངག་གི་འགྱུར་ཁུགས་མཐའ་མར་སྐད་གདངས་དེས་དྲངས་པའི་གླུ་ཚིག་གི་ནང་དོན་འདྲེན་ལུགས་ཡང་ཨ་མདོའི་དམངས་གླུ་ལེན་ལུགས་དང་གཅིག་པ་གཅིག་མཚུངས་སུ་སྣང་བས་དམངས་གླུ་དར་ཁྱབ་ཆེ་བའི་ཡུལ་གྲུ་དེ་དག་ཏུ་ད་ལྟའི་བར་བོད་ཀྱི་འཚོ་བའི་གྲུབ་ཆ་ངེས་ཅན་ཞིག་མིག་མཐོང་ལག་ཟིན་དུ་ཆགས་ཡོད། དེ་མིན་ད་དུང་ཀོང་ཞུ་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྐད་གྲགས་ཅན་གྱི་དམངས་གླུ་༼ལིའུ་སན་ཅའེ༽ཟེར་བའི་དམངས་གླུའི་ཐོག་མར་ཡང་འོ་ཡེ་ཞེས་སྐད་གདངས་མཐོན་པོ་ཞིག་གིས་སྣེ་དྲངས་པའི་རྗེས་ཐོག་ཏུ་ད་གཟོད་བོད་པ་ནང་བཞིན་དྲི་བ་དྲིས་ལན་གྱི་སྐོར་མ་ལག་དང་ལྡན་པ་ཞིག་ལེན་པའི་ལུགས་སྲོལ་ཆགས་ཡོད་ལ།དམངས་གླུ་དེའི་བྱུང་བའམ་གྲུབ་ཚུལ་ལའང་ངོ་མཚར་ཆེ་བའི་ལོ་རྒྱུས་རེ་བརྗོད་རྒྱུ་ཡོད་པ་ནི།གླུ་མ་སྐད་གྲགས་ཅན་ལིའུ་སན་ཅའེ་ནི་ཐོག་མར་ཐང་གུར་གྱི་དུས་སུ་ཀྲོང་རིགས་སོ་ནམ་པ་ཞིག་གི་ཁྱིམ་དུ་སྐྱེས་ལ།ཁོ་མོ་ལ་ལྷན་སྐྱེས་ཀྱི་སྐད་ངག་ལྡན་པས་རི་ཁུལ་ལམ་གྲོང་ཚོའི་ཞིང་སིལ་ནས་གླུ་བླངས་པས་ལྷའི་གནང་བ་ཐོབ་པའི་གླུ་མར་གྲགས་ཤིང་།སྐབས་ཤིག་ཡུལ་དཔོན་གདུག་རྩུབ་ཅན་ཞིག་གིས་ཡུལ་དེའི་མི་སེར་ལ་གཉའ་གནོན་བྱེད་པར་གྲུའི་ཕ་རོལ་ཚུར་རོལ་ནས་མོས་གླུ་བླངས་ཏེ་ཞོལ་འཇགས་སུ་བཏང་ཚུལ་དང་།རྒྱལ་པོའི་ཕོ་བྲང་ནས་ཀྱང་ངལ་རྩོལ་མི་དམངས་ཀྱི་ཆེད་དུ་གླུ་བླངས་པས་མི་སེར་གྱི་འཚོ་བ་སྲུང་འགེབས་ཐུབ་པའི་བུ་མོ་གླུ་མ་བྱང་སེམས་ཅན་ནོ།ཞེས་གྲགས་པར་གཞིགས་ན།དམངས་གླུ་དེ་ཉིད་ཡུལ་གྲུ་དེ་དག་ཏུ་དར་ནས་ད་ལྟའི་བར་ཕལ་ཆེར་ལོ༡༦༠༠ལྷག་གི་ལོ་རྒྱུས་ཡོད་པ་དཔོག་ཐུབ་པ་དང་།གཞན་ཡང་སི་ཁྲོན་རྔ་བའི་ཁུལ་གྱི་ཆའང་རིགས་ལ་མེ་ཏོག་ན་སྐྱེས(花儿哪吉)ཞེས་པའི་དྲི་བ་དྲིས་ལན་གྱི་དམངས་གླུ་ལེན་སྲོལ་ཞིག་དར་ཡོད་པ་དང་།མཚོ་སྔོན་ས་ཆའི་མི་རིགས་ཁག་ཅིག་ལ་མེ་ཏོག་དུས་ཆེན(花儿节)ཞེས་པའི་དམངས་གླུ་ལེན་སྲོལ་ཞིག་དར་རྒྱས་བྱུང་བ་དེའི་སྔོན་ལའང་འོ་ཡེ་ཞེས་པའི་ཨ་མདོའི་ཡུལ་གྱི་དམངས་གླུའི་གདངས་དེ་དང་འདྲ་བ་ཞིག་ཆགས་ཡོད་པ་དང་།ལྷག་པར་དུ་མཚོ་སྔོན་ས་ཆའི་ཧོར་རིགས་ནི་དང་ཐོག་ཐང་གུར་ནས་སུང་གི་བར་དུ་དར་བར་གྲགས་ལ།དེ་ན་མི་ཉག་དང་འདྲེས་ཤིང་སོག་པོས་མི་ཉག་བཅོམས་ཏེ་དེང་གི་མི་རིགས་འདི་གྲུབ་ཅེས་པའི་ལོ་རྒྱུས་ཡིག་ཆར་དཔྱད་ན།ཐང་གུར་གྱི་རྗེས་དང་མི་ཉག་གི་མཚམས་ནས་དར་བའི་མདོ་སྨད་ཀྱི་ཡུལ་སྡེ་ཕལ་མོ་ཆེ་ནི་གནའ་བོའི་བོད་ཀྱི་རུས་ཆེན་ལྡོང་ལས་མཆེད་པར་གྲགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གཅིག་མིན་དུ་མ་ཞིག་མཐོང་ཐུབ་པར་མ་ཟད།གནའ་བོའི་བོད་ཀྱི་དམག་རྒྱུད་འདྲེས་མར་གླེང་བ་ཡང་ཡོད་པས་བོད་ཀྱི་རུས་ལས་མཆེད་པའི་རིགས་སུ་བགྲངས་ནའང་མི་རུང་བ་མེད་དོ།།
དེ་བས་ཡུལ་དེ་དག་ཏུ་དར་བའི་མེ་ཏོག་ཅེས་པའི་དམངས་གླུའི་ཁྲོད་ཀྱི་སྔོན་ལ་འོ་ཡེ་ཞེས་པའི་ལེན་སྲོལ་དེ་ཡང་ཨ་མདོའི་དམངས་གླུའི་དབྱངས་དང་ཐག་ཧ་ཅང་ཉེ་བ་ཙམ་དུ་མ་ཟད།གླུ་ཚིག་གི་ནང་དོན་ནས་དམངས་གླུ་ལེན་ལུགས།ལུས་ངག་གི་ཉམས་འགྱུར།མཐའ་ན་སྟོན་ཚོགས་སྤྲོ་འདུའི་རྣམ་པ་ཡང་ཨ་མདོའི་ཡུལ་གྱི་དམངས་གླུའི་རྣམ་པ་ཇི་མ་ཇི་བཞིན་ཞིག་ཆགས་ཐུབ་པ་བྱུང་བས།རགས་རྩིས་ཙམ་གྱིས་ཀྱང་མི་རིགས་དེ་དག་ཏུ་དམངས་གླུ་དར་ནས་ད་ཕན་ཕལ་ཆེར་ལོ་སྟོང་ཕྲག་དུ་མ་སོང་ཚུལ་ཤེས་སྲིད།དེ་དག་ད་ལྟའི་བར་རྒྱུན་ཆགས་བྱུང་བའི་ཚུལ་ལ་ངོ་མཚར་ཆེ་བའི་ལོ་རྒྱུས་རེ་བརྗོད་རྒྱུ་ཡོད་པ་སྨོན་མེད་ཡིན་ནའང་།མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདི་ཉིད་མིའི་རིགས་བྱུང་འཕེལ་གྱི་ས་ཁུལ་གལ་ཆེན་ཞིག་ཏུ་བརྩི་བྱེད་ལ་ས་འོག་ནས་ཐོན་པའི་ལོ་ངོ་ཁྲི་སྟོང་འགོར་བའི་གནའ་ཤུལ་རིག་རྫས་མང་པོ་དེ་དག་གིས་བདེན་དཔང་བྱུང་བ་ལྟར་ན།ཡུལ་གྲུ་དེ་དག་ཏུ་འཚོ་སྡོད་བྱེད་པའི་མི་རིགས་ནི་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་བོད་ཀྱི་མི་རྒྱུད་ཀྱི་རུས་ཆེན་་བཞི་སོགས་ལས་མཆེད་པར་གྲགས་པའི་རིགས་རུས་གང་རུང་གི་མི་རྒྱུད་ཡིན་པ་ཧ་གོ་ཡོང་བ་བཞིན།ཨ་མདོའི་ཡུལ་གྲུ་བྱིངས་ལ་དར་བའི་དམངས་གླུ་དེ་ཡང་མ་མཐར་སྐབས་དེ་དུས་ནས་དར་རྒྱས་བྱུང་བའི་གླུ་གཞན་ངོ་མཚར་ལྡན་པ་ཞིག་ཡིན་པར་མ་ཟད།གནའ་བོའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ཤེས་རིག་གི་ལྷུ་རྐང་ཚང་བའི་དམངས་གླུའི་ཉམས་འགྱུར་ལ་བརྟེན་ནས་ད་གཟོད་ད་ལྟའི་ཚད་འདི་ཙམ་དུ་འཕེལ་རྒྱས་བྱུང་ཞེས་བཤད་ནའང་མི་ཆོག་པ་མེད་སྙམ། དེས་ན།མི་རིགས་དང་སྐད་གདངས་གང་ལའང་ཐོག་མའི་གླུ་འདྲེན་གྱི་སྐད་གསེང་མཐོན་པོའི་འོ་ཡེ་ཞེས་པ་དེ་ནི་གནའ་བོའི་གདོད་མའི་གཞས་སྐད་ལ་རྒྱུས་ཅན་ཞིག་ཡིན་པར་ངོས་བཟུང་ཆོག་སྟེ།དེང་སང་སྤྲ་མིར་བརྟག་དཔྱོད་བྱེད་མཁན་དག་གིས་མིའི་སྐད་ཆའི་ཐོག་མ་ལ་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར།ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་ཐོག་མའི་འོ་ཡེ་ཞེས་པའི་ལེན་ལུགས་དེ་ཡང་གནའ་བོའི་སྤྲ་མིའམ་མི་སྤྲ་གང་རུང་གི་སྐད་སྒྲའི་ཁྲོད་འོ་ཡེ་སྒྲོག་པའི་སྒྲའམ་གདངས་དེ་ཉིད་འཕེལ་རྒྱས་ཟིན་པ་བརྒྱད་དེ།བོད་ཀྱི་གནའ་བོའི་ཡ་ཐོག་རིང་མོའི་སྐབས་ཀྱི་ཤེས་རིག་གི་བཞུར་རྒྱུན་མ་ཆད་པའི་དམངས་ཁྲོད་ཀྱི་ངག་རྩོམ་ལས་ད་གཟོད་ཨ་མདོའི་དམངས་གླུ་དར་ཁྱབ་བྱུང་ངོ་།།

 ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རོབ་ཙམ་གླེང་བ།

གཉིས་པ། ཨ་མདོའི་དམངས་གླུ་ལེན་སྲོལ།
ཨ་མདོའི་དམངས་གླུ་ནི་ཨ་མདོའི་ས་ཁུལ་བྱིངས་ལ་དར་ཁྱབ་ཆེ་བའི་གླུ་གར་གྱི་རྣམ་པ་ཐུན་མོང་བ་ཞིག་ཡིན།ནམ་རྒྱུན་མི་ཚོགས་སྤྲོ་འདུའམ།བཀྲ་ཤིས་པའི་དགའ་སྟོན་ཅི་རིགས་གཏོང་བའི་སྐབས་སུ་དམངས་གླུ་ལེན་པ་དང་།ལོ་གསར་གྱི་སྐབས་སམ་ཡང་ན་ཆོས་ཕྱོགས་ཀྱི་མཛད་སྒོ་བསྡུ་བའི་ཚེའམ་སྤྱན་གཟིགས་ཆོས་སྲུང་སོགས་ལ་གཏོར་རྒྱག་གམ་རྡོ་རྗེ་གད་རྒྱངས་ཅན་ལ་རྒྱགས་བརྔན་གཏོང་འཇུག་བྱེད་མཚམས་སུ་དམངས་གླུ་ངེས་ཅན་རེ་ལེན་པའི་སྲོལ་ཞིག་དར་ཡོད་པ་དང་།སྡེ་བའི་ཕོ་མོ་རྒན་གཞོན་དག་ཉན་པར་སྤྲོ་ལ་ལེན་རྒྱུར་ཡང་ཧ་ཅང་དགའ་བ་ཞིག་རེད།དམངས་གླུ་ལེན་པའི་དུས་ནི་གཙོ་བོ་གཉེན་སྟོན་དང་།བུ་སྟོན།བག་སྟོན།ཁང་སྟོན་སོགས་ཀྱི་སྐབས་ཡིན་ཏེ།གོ་རིམ་ཆ་ཚང་ཞིང་དམངས་གླུ་ལེན་རྒྱུ་ཆེས་མང་པོའི་དུས་ནི་གཉེན་སྟོན་དང་བག་སྟོན་གྱི་དུས་ཡིན་ལ།དེ་ལས་གཞན་པའི་དུས་ནི་གཙོ་བོ་གླུ་པ་གླུ་མས་སྦྱོང་བརྡར་བྱེད་པ་ཡིན་སྟབས་གོ་རིམ་དེ་འདྲ་ཆ་ཚང་དགོས་པའི་ངེས་པ་མེད།ཨ་མདོའི་ས་ཁུལ་མང་ཆེ་ཤོས་སུ་གཉེན་སྟོན་ལ་རོལ་དུས་ཕོ་མོ་རྒན་གཞོན་སུ་ཡིན་ཡང་རང་གི་འཚོ་བ་དང་རྒན་གཞོན་གྱི་གོང་འོག་ལྟར་སྐྱིལ་ཀྲུང་ངང་གྲལ་སྒྲིག་སྟེ་འདུག་དགོས།དེ་ལྟར་ཚོན་པོའི་ཤ་དང་མངར་མོའི་ཆང་ལ་རོལ་མ་ཐག་ཏུ་གཉེན་ཆང་སྟེ་དགའ་སྟོན་ནམ་བག་སྟོན་སོགས་ཀྱི་སྐབས་མགྲོན་པོར་བསུ་བ་བྱེད་པའི་ཁྱིམ་བདག་ཚང་གིས་གྲལ་རེ་རེ་ལ་གླུ་སྐད་དམ་གླུ་མགོ་ཕྱེ་བའི་སྲོལ་ཡོད།དེ་ནི་གྲལ་རེ་རེའི་གྲལ་མཇུག་ནས་ཁྱིམ་བདག་ཚང་གིས་གླུ་པ་གླུ་མ་གང་རུང་བཀོད་སྒྲིག་བྱས་ཏེ་ལག་པ་ཡ་གཅིག་ཏུ་ཆང་དཀར་བཟུང་ཞིང་ལག་པ་ཡ་གཅིག་གིས་འགྲམ་རྩ་སྐྱོར་ཏེ་གླུ་མགོ་ལེན་ཞོར་དུ་གྲལ་དཀྱིལ་ནས་ཤ་ལྷོད་པོའི་ངང་ནས་གཡས་འཁོར་གཡོན་འཁོར་བྱས་རྗེས་རིམ་བཞིན་གྲལ་མགོར་འགྲོ་དགོས་ལ།གྱོན་གོས་ནི་བོད་ལྭ་ཡིན་པ་གཞིར་བཞག་གི་སྟེང་འཛོམས་ཚོད་ཀྱིས་གཡུ་བྱུར་སོགས་རྒྱན་ཆ་སྣ་ཚོགས་འདོགས་པ་ཡིན།གླུ་པ་གླུ་མས་གྲལ་བར་ནས་རིམ་བཞིན་གྲལ་མགོའི་ཨ་ཞང་ངམ་མགྲོན་པོ་རེ་རེའི་ལག་ཏུ་ཆང་དཀར་དྲངས་ཏེ་མཆོད་ཁ་འཕེན་དུ་འཇུག་དགོས།དེ་ནི་དོན་དངོས་སུ་མགྲོན་པོའམ་ཨ་ཞང་ཚང་ལ་བསུ་བ་བྱེད་པ་ཡིན་ནོ།།
གོ་སྐབས་དེ་དང་བསྟུན་ནས་རྒྱ་ཆེའི་མགྲོན་པོ་དག་གིས་ཀྱང་གླུ་བླངས་ཆོག་སྟེ།དེ་ནས་རིམ་བཞིན་མགྲོན་པོའི་ཁྲོད་ཀྱི་གླུ་པ་གླུ་མ་དག་གིས་ཨ་ཞང་ཚང་གི་གྲལ་གཙོ་བྱས་ཏེ་མཆོད་ཁ་འཕེན་དུ་བཅུག་རྗེས་ད་གཟོད་རང་གི་གླུ་གྲོགས་བཙལ་ཏེ་གླུ་ལེན་རེས་བྱས་ཆོག གླུ་པ་གླུ་མ་སུ་ཡིན་ཡང་གླུ་ལེན་སྐབས་ངེས་པར་དུ་གྲལ་བར་དུ་འཁོར་ནས་སོང་སྟེ་རང་གི་ལེན་གྲོགས་ཀྱི་ལག་ཏུ་ཆང་དཀར་ཉིས་ལག༼ལག་པ་གཉིས་༽ཀྱི་སྒོ་ནས་འཇོག་དགོས།
རྒྱུན་ལྡན་དུ་གླུ་པ་གླུ་མས་ཆང་དཀར་མི་སུ་ཞིག་གི་ལག་ཏུ་བཞག་ན་མི་དེས་དེ་མ་ཐག་ཏུ་གླུ་ལན་ལེན་དགོས།དངོས་ནས་རང་ལ་གླུ་ལེན་པའི་སྤོབས་པ་མེད་ན་མ་བླངས་ཀྱང་ཆོག་མོད།འོན་ཀྱང་གླུ་ཕྱིར་ལེན་མ་ཐུབ་ཚེ་དེ་ནི་ངོ་ཚ་ཞིག་ཏུ་རྩི་སྲོལ་ཡོད།དེ་ལས་གཞན་ཨ་མདོའི་དམངས་གླུ་ལ་འཛེམ་བྱའང་ཧ་ཅང་མང་སྟེ།དཔེར་ན་གླུ་པ་གླུ་མའི་ཤ་ཉེའམ་ཕ་མ།མེས་པོ་གང་རུང་ཚེ་ལས་འདས་ཚེ་ཉིན་དེ་ནས་བཟུང་ལོ་གཅིག་གི་རིང་ལ་མི་ཚོགས་སྤྲོ་འདུའི་གནས་སུ་མི་འགྲོ་བར་མ་ཟད།རྒྱན་གོས་བཏགས་ནས་གླུ་ལེན་གར་རྩེད་སོགས་གཏན་ནས་མི་བྱེད།ད་དུང་ཡོངས་ལ་བཀའ་དྲིན་ཆེ་བའི་བླ་སྤྲུལ་དང་དཔོན་པོ།ཡང་ན་སྡེ་བའི་རྒན་རབས་འདས་ཚེ་ལོ་གཅིག་གི་རིང་ལ་སྡེ་མི་ཡོངས་དགའ་སྟོན་ལ་མི་རོལ་བ་དང་དམངས་གླུ་ལེན་པ་སོགས་དེ་བས་ཀྱང་བྱེད་མི་རུང་།གལ་ཏེ་གྲོང་ཚོ་གཞན་གྱིས་དམངས་གླུ་ལེན་སྐལ་མེད་པའི་གླུ་པ་གླུ་མ་གདན་འདྲེན་ཞུ་སྐབས་དེས་ད་ལོར་རང་སྡེ་ཡོངས་ལ་སྡུག་ཡོད་པས་རང་ཉིད་དགའ་སྟོན་ལ་ཞུགས་ཏེ་གླུ་ལེན་མི་རུང་བའི་གནས་ལུགས་བཤད་པ་ཡིན།ལོ་དེར་སྡུག་འཁུར་ཡོད་བཞིན་དུ་གླུ་ལེན་གར་རྩེད་སོགས་བྱས་ན་སྡེ་མི་ཡོངས་ཀྱིས་དེ་ལ་འཕྱ་སྨོད་བྱེད་ངེས།
དོ་སྣང་བྱེད་དགོས་པ་ཞིག་ལ་དུས་རྒྱུན་ང་ཚོ་གྲོགས་པོ་ཚོ་དང་མཉམ་དུ་གླུ་ལེན་གར་རྩེད་ལ་ཞུགས་ནས་རྩེད་འཇོར་རོལ་སྐབས་གླུ་ལེན་སྐལ་མེད་པའི་མི་དེས་ང་ལ་སྡུག་ཡོད་ཅེས་བརྗོད་སྐབས་ཁོ་ལ་དགོངས་པ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེའོ།།
  • ལེ་ཚན་སྔོན་མ།:གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།
  • ལེ་ཚན་རྗེས་མ།:གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།