བོད་ཀྱི་མནའ་གསོལ་རིག་གནས་ལ་ཅུང་ཟད་གླེང་བ།

མཚོ་ལྷོ།འབའ་གདུགས་བྷེ།        2013-07-08

སྒང་བ་བོད་ཀྱི་མི་རིགས་འདིར་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤིན་ཏུ་མང་པོ་ཞིག་ཡོད་པར་མ་ཟད།བོད་ཀྱི་མནའ་གསོལ་རིག་གནས་ཀྱང་མི་རིགས་ཤིག་གི་དྲང་བདེན་མཚོན་པའི་གྲུབ་ཆ་གལ་ཆེན་ཞིག་རེད།དེ་བས་བོད་ཀྱི་ཁ་དཔེ་རུ༼མི་གཉོམ་ཆུང་ལ་མནའ་དང་།གྱོང་ཆེན་ལ་གཟུ།༽༼དྲི་མ་འཁྲུ་བ་ལ་ཆུ་དང་།མི་རྙིང་འཁྲུ་བ་ལ་མནའ།༽༼མིས་མི་བཟའ་མནའ་དང་།ཁྱིས་མི་བཟའ་ལྕགས།༽༼ཤག་པོས་མནའ་མི་བཟའ།ཉེ་བོས་ཁྲེལ་མི་འདོར༽ཞེས་པ་སོགས་མནའ་ཡིས་མི་རིགས་འདིའི་རྒྱུན་རིང་བའི་ལོ་རྒྱུས་ཁྲོད་གོ་གནས་ག་འདྲ་ཟིན་ཡོད་པའང་རྟོགས་ཐུབ།དེ་བས་མནའ་ལ་དབྱེ་བ་དང་དེ་དག་གི་སྤྱི་བབ་དང་རྩ་བའི་རང་བཞིན་སོགས་ཧ་ཅང་འཐུས་ཚང་ཞིག་ཡོད་པ་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་ཞུས་ན།
   གཅིག མནའ་ཡི་གོ་དོན།
༡.གོ་དོན་བཤད་པ།༼སྔགས་རིན་ཆེན་མོ༽ལས།༼ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི།།གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ།།འདི་སྨྲས་ན་ནི་མགོ་བོ་འགེམས།།༽ཞེས་དང་།༼བརྡ་དག་མིང་ཚིག་གསལ་བ༽ལས་༼མནའ་ནི་དམ་བཅས་པའམ་དམོད་འཛུགས་པའི་དོན་དུ་འཇུག༽ཅེས་པ་སོགས་ལ་བརྟག་ན།མནའ་ནི་དམ་བཅས་པ་དང་ཁས་བླངས་པ་སོགས་ལ་འཇུག་པ་མ་ཟད།ད་དུང་ཕ་རོལ་བོར་དམོད་འཛུགས་པའི་དོན་ཞིག་ཏུའང་འཇུག་པ་འདྲ།གང་ལྟར་དམིགས་ཡུལ་གང་རུང་ཞིག་ལ་དམིགས་ནས་དོན་དེ་ཉིད་ལས་མི་འདའ་བར་ཁས་འཆེས་པའམ་དམ་བཅས་པའི་ངག་ཐོག་དང་ལས་རིགས་ཤིག་ལ་མནའ་ཞེས་པའི་མཚན་ཉིད་བཞག་ན་རུང་བར་བསམ།ཡིན་ནའང་།ཀུན་གྱི་བཞེད་དགོངས་ལྟར་ན།རྟེན་གསུམ་དང་།ཉི་ཟླ་སྐར་གསུམ།ཡུལ་ལྷ་གཞི་བདག ཕ་མ་བུ་ཕྲུག་སོགས་དཔང་དུ་བཞག་སྟེ་རྗོད་བྱེད་ཀྱི་སྒྲ་ཡི་སྒོ་ནས་དམ་བཅས་ཏེ་བྲོ་བོར་བ་མནའ་ཡི་མཚན་ཉིད་དུ་བཞག་ཡོད་ལ།དོན་དུ་མནའ་ནི་དམིགས་ཡུལ་གང་རུང་ཞིག་ལ་ཁ་གཏད་པ་དེ་ལས་འདའ་བ་མེད་པའི་གཏན་ཚིགས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་ནམ་སྙམ། ༢.དབྱེ་བ་བཤད་པ།དེ་ཡང་མནའ་ཚིག་ལ་ལུས་ཀྱི་སྒོ་ནས་དབྱེ་ན་བཅད་ལྷུག་གང་རུང་དང་།རྣམ་པའི་སྒོ་ནས་དབྱེ་ན།ཡི་གེར་མ་བཏབ་པའི་ངག་ཐོག་གི་མནའ་ཚིག་དང་།ཡི་གེར་བཏབ་པའི་ཡིག་ཐོག་གི་མནའ་ཚིག་གཉིས་ཡོད་པར་འདོད།དང་པོ་ལྟར་ན།བོད་དམངས་ཁྲོད་དུ་ངག་ནས་ངག་ཏུ་བརྒྱུད་པའི་མནའ་ཚིག་སྟེ།༼དཀོན་མཆོག་གསུམ༽དང་།༼སྐུ་འབུམ་གསེར་སྡོང༽ལྟ་བུས་མཚོན་ཐུབ་ཅིང་།གཉིས་པ་ལྟར་ན།ཏུན་ཧོང་ནས་ཐོན་པའི་མནའ་ཚིག་སྟེ།༼མཐང་གྲང་རེ།ཇི་སྩལ་བ་བཞིན་མྱི་ཉན་རེ༽ཞེས་པ་ལྟ་བུ་དང་།ནང་བསྟན་རིག་གནས་བཅས་ལས་བྱུང་བའི་བཅད་ལྷུག་གི་མནའ་ཚིག རྡོ་རིང་སོགས་ཀྱི་སྟེང་གི་མནའ་ཚིག་བཅས་ཀྱིས་མཚོན་ཐུབ།མནའ་ཡི་མིང་ལ་ཐ་ཚིག བྲོ་བོར་བ།དབུ་སྙུང་བ།གཙིགས་འཛིན།དམ་ཚིག མནའ་སྐྱེལ།དམ་བཅའ།མནའ་གན།མནའ་ཚིག མནའ་བཅའ་བ།མནའ་བཞེས།ཞལ་གྱིས་བཞེས།མནའ་ཆིངས་སོགས་མང་པོ་ཞིག་ཡོད་པ་དག་ཞེ་ཚིག་དང་ཞེ་ཚིག་མིན་པའི་ཁྱད་པར་ཙམ་ལས་དོན་ཡོངས་སུ་མཚུངས་པས་འདི་དག་མནའ་ཡི་མིང་གི་རྣམ་གྲངས་རེད།གཞན་མནའ་གསོལ་ལ་ངོ་གདོང་ནས་དབྱེ་ན།མནའ་རྟེན་དང་མནའ་འགལ།མནའ་བཤགས་བཅས་ཀྱི་དབྱེ་བའང་ཅུང་མང་བར་མངོན།
གཉིས།མནའ་ཡི་བྱུང་བ།
མནའ་ཡི་འབྱུང་ཁུངས་ནི་མཐའ་གཅིག་ཏུ་དུས་འདི་དང་གན་རེད་ཅེས་བཤད་དཀའ་ནའང་།གནའ་བོའི་ཁྲིམས་ཡིག་དང་།རྡོ་རིང་གི་ཡི་གེ་ཏུན་ཧོང་ཡིག་ཚང་།བཙན་པོའི་རྒྱལ་རབས་བཅས་ལས་མཐོང་བ་གཞིར་བཟུང་སྟེ་བརྟག་ན།འཇིག་རྟེན་འདིར་ཐོག་མར་འགྲོ་བ་མིའི་རིགས་བྱུང་ནས་མི་དང་རང་བྱུང་ཁམས་ཆེན་པོའི་བར་འབྲེལ་བ་ཆགས་པ་དང་།མི་དང་མིའི་འབྲེལ་བ་ཆགས་ཞེས་པ་་ལོ་རྒྱུས་སྨྲ་བ་དག་གི་དགོངས་གཞི་ཡིན་ལ།དགོངས་གཞི་འདིར་གཞི་བཅོལ་ན་བོད་མི་རིགས་ཀྱང་དེ་ལས་འབྲལ་ཐབས་མེད།དེ་བས་བོད་མི་རིགས་ཀྱང་རང་བྱུང་ཁམས་ཆེན་པོར་འདྲིས་ཤིང་གོམས་པར་གྱུར་པས་རང་བྱུང་ཁམས་ལ་བཅངས་པའི་དད་པའི་སྟོབས་ཤུགས་ཤིག་ཀྱང་ངང་གིས་འཕེལ་བ་རེད།དད་པའི་སྟོབས་ཤུགས་འདི་ལས་ད་གཟོད་ཉི་ཟླ་སྐར་གསུམ་དང་།ས་རྡོ་རི་བྲག མཚོ་དང་མཚེའུ་བཅས་སུ་ལྷ་ཀླུ་གཞི་བདག་འཁོར་སྲུང་བཅས་གནས་ཡོད་པར་ངོས་བཟུང་སྟེ།ནང་སེམས་ཀྱི་འགྱུར་བ་དེ་དག་གི་སྟེང་ནས་མངོན་པར་བྱས་ཤིང་།དེ་དག་ལ་དད་ཅིང་འདུན་པས་མནའ་ཡང་དེ་རིགས་ལས་འཇོག་པའི་སྲོལ་བྱུང་བར་འདོད།མདོར་ན།མནའ་ཡི་བྱུང་བ་ནི་མིའི་རིགས་ཀྱི་ཐོག་མའི་བྱེད་སྒོ་དང་གོམས་སྲོལ་སོགས་ལས་བྱུང་བར་མངོན་པ་མ་ཟད།མིའི་རིགས་ཀྱིས་རང་བྱུང་ཁམས་དང་རང་བྱུང་ཁམས་ཆེན་པོ་ལས་བྱུང་བའི་དངོས་པོ་ལ་འཛིན་པའི་འདུ་ཤེས་མི་འདྲ་བ་སྣ་ཚོགས་ལས་བྱུང་བའང་གོར་མ་ཆག དེའང་རང་བྱུང་ཁམས་ལ་མཆོད་པ་བྱེད་ཚུལ།གཉན་པོ་གང་དམ་ལ་བཏགས་ཚུལ།གཤིན་པོ་ལ་མཆོད་པ་བྱེད་ཚུལ།རི་ཆུ་ནགས་གསུམ་ལ་མཆོད་པ་བྱེད་ཚུལ་བཅས་གདོད་མའི་ཆོས་ལུགས་ནས་བོན་གྱི་ཆོས་ལུགས།ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་རིམ་པ་བཞིན་བརྒྱུད་པའི་ཀུན་སློང་དང་འདུ་ཤེས་འདྲ་མིན་འཁྲུངས་པ་གཞིར་བྱས་སྤྱི་ཚོགས་དང་དུས་རབས་ཀྱི་འཕེལ་རྒྱས་ལས་མནའ་ནི་སྲ་བརྟན་དང་རྒྱུན་སྲོལ་ཅན་དུ་གྱུར་པ་རེད།
གསུམ།མནའ་རྟེན་བཤད་པ།
མནའ་རྟེན་ནི་ལེགས་ཉེས་ཀྱི་གྲོས་གཞི་གང་ཞིག་དམ་བཅའ་དེ་ལས་གཞན་དུ་མི་འདའ་བའི་ཆེད་དཀོན་མཆོག་གམ་སྲུང་མ།ཉི་ཟླ་སྐར་གསུམ།ས་རྡོ་རི་བྲག མཚོ་དང་མཚེའུ་བཅས་རང་ཉིད་ཀྱི་ཡིད་རྟོན་འཕེར་ས་ཞིག་མནའ་ཡི་དཔང་བོར་འཇོག་པ་དེ་ལ་ཟེར་བ་རེད།མནའ་ཡིན་ན་མནའ་རྟེན་ཞིག་ངེས་པར་དགོས་ལ།མནའ་རྟེན་ཡོད་ཚད་ངག་ཐོག་ཡིན་པའི་ངེས་པའང་མེད་དེ།མནའ་རྟེན་ལ་རང་བྱུང་གི་བཀོད་པ་དང་དངོས་པོ་སོགས་འཇོག་པའང་ཡོད།བོན་ཆོས་བོད་ལ་དར་བའི་དུས་ཉིད་ན་བོད་མིའི་མནའ་རྟེན་ཡང་བོན་པོས་གུས་ཤིང་།དད་པའི་གཙོ་བོར་གྱུར་པ་སྟེ།ཉི་ཟླ་སྐར་གསུམ་དང་།ས་རྡོ་རི་བྲག མཚོ་དང་མཚེའུ་བཅས་འཇོག་པའི་སྲོལ་བྱུང་ཞིང་།རིམ་གྱིས་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་དང་བསྟུན་ནས་བོད་མིའི་མནའ་རྟེན་ཡང་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་བཞག་པ་རེད།དཔེར་ན།༼སྐུ་འབུམ་གསེར་སྡོང༽དང༼དཀོན་མཆོག་གསུམ༽༼རྒྱལ་བ་པཎ་ཆེན༽༼རོང་བོ་དགོན་པ༽སོགས་དགོན་སྡེ་དང་སྤྲུལ་སྐུ།དཀོན་མཆོག་མནའ་རྟེན་དུ་འཇོག་པ་མ་ཟད།ཐ་ན་ཕ་མ་གཉེན་ཉེ་སོགས་ཀྱང་མནའ་རྟེན་དུ་འཇོག་པ་རེད།དཔེར་ན།༼ཨ་མའི་ཤ༽དང༼ངའི་བུ་ཁེར་མོ༽ཞེས་པའི་མནའ་རྟེན་འཇོག་པ་ནི་དཔེར་ན།བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བློན་པོ་ཕན་ཚུན་བར་ལ་དངུལ་ཡིག་སོགས་སྟེར་བར་ཁ་དན་མི་འགྱུར་བའི་མནའ་རྟེན་དུ་རྡོ་དཀར་བོ་ཕན་ཚུན་གྱི་ལག་ལ་འཛིན་པ་སྟེ།གོར་མོ་དཀར་བོ་ཕན་ཚུན་གྱི་ལག་ལ་འཛིན་པ་སྟེ།གོར་མོ་དཀར་བོ་ཕན་ཚུན་ལག་བརྗེ་བྱེད་པ་ཡིན་ཞེས་པས་མཚོན་ལ།བཟང་གྲོགས་བསྒྲིགས་པར་མནའ་ཡ་ཕན་ཚུན་ལ་མདའ་མདུང་གྲི་གསུམ་གཏོད་པ་མ་ཟད།རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་ཀྱང་མནའ་རྟེན་དུ་འཇོག་པས་ཁ་དཔེ་ལ།༼གསོན་དུས་མནའ་རྟེན་དང་།ཤི་དུས་དུར་རྟེན༽ཞེས་པའི་བཤད་སྲོལ་ཡོད།སྡིག་གྲོགས་བསྒྲིགས་པར་རྡོ་ནག་པོ་ལ་ཁྲག་བསྐུས་ནས་ལག་ཏུ་འཛིན་པ།རྐུན་མ་ཡིན་མིན་ལ་ལྕགས་མེ་ལ་འཕངས་ནས་ལག་ལ་འཛིན་པ།གཡས་ཁོལ་མའི་སླ་ང་ལས་དངོས་པོ་ལེན་པ་བཅས་དངོས་པོ་མནའ་རྟེན་དུ་འཇོག་སྲོལ་ཡང་མང་།སྡེ་བ་ཚོ་བའི་བར་གྱི་དངོས་པོ་མནའ་རྟེན་འཇོག་སྲོལ་ནི་དཔེར་ན།༼ཀོ་དམར་ཁྲག་བརྫིས༽ཞེས་པའི་མནའ་འཇོག་སྲོལ་ཡོད་པ་སྟེ།ཡུལ་སྡེའམ་ཚོ་བ་ཕན་ཚུན་གྱི་རྒན་པོ་རྣམས་ཕྱོགས་གཅིག་ཏུ་འདུས་ཤིང་།གཡག་གི་ཀོ་བ་རློན་པ་ཁྲག་དམར་དང་བཅས་པ་ཞིག་ཐང་ལ་བཏིང་བའི་སྟེང་དུ་རྒན་པོ་ཅི་ཙམ་ཡོད་པ་དེ་ཙམ་གྱིས་རྐང་བ་རྗེན་པོས་མཉམ་དུ་བརྫི་ཞིང་།ལག་གཡས་ཀྱི་མཛུབ་མོ་རྣམས་ལྕགས་ཀྱུ་ལྟར་བཀུག་པ་ཕན་ཚུན་བསྣོལ་ནས་སྐབས་ཀྱི་བརྗོད་བྱའི་དོན་གང་ཡིན་གསལ་བོར་སྨྲས་རྗེས༼ཇི་སྲིད་གནམ་མ་འཇིག༽༼ས་མ་སྟོངས་ཀྱི་བར་དུ་མི་འགལ༽ཞེས་རྒན་པོ་རེ་རེ་བཞིན་བརྗོད་ཅིང་།ཡུལ་སྡེ་སོ་སོའི་ཡུལ་ལྷ་གཞི་བདག་རྣམས་དཔང་དུ་འཛུགས་སྲོལ་ཡོད་པ་རེད།རྒྱལ་ཁབ་བར་གྱི་མནའ་རྟེན་ལ་རྡོ་རིང་ངོས་སུ་མནའ་ཚིག་ཕབ་ནས་འཇོག་སྲོལ་ཡོད་པ་སྟེ།དཔེར་ན།༼ཁྲང་ཆིང་མཐུན་འབྲེལ་རྡོ་རིང༽ངམ༼དབོན་ཞང་རྡོ་རིང༽ནི་ཁྲང་ཆིང་ཁྲི་ལོ་དང་པོར་བོད་ཀྱི་བཙན་པོ་ཁྲི་རལ་བ་ཅན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་ཕན་ཚུན་དམ་བཅས་ནས་བཞག་པ་ཡིན།རྡོ་རིང་ནི་སྤྱི་ལོ༨༢༣ལོར་ལྷ་སའི་གཙུག་ལག་ཁང་མདུན་གྱི་ཇོ་བོའི་དབུ་སྐྲ་ཟེར་བའི་རྒྱ་ལྕང་གི་འགྲམ་དུ་བཙུགས་པས་དེ་ལ༼ལྷ་སའི་གཙུག་ལག་ཁང་གི་རྡོ་རིང༽ཞེས་ཀྱང་འབོད།སྐབས་དེར་བོད་ཐང་གཉིས་ཀྱི་འཁྲུག་རྩོད་རྒྱུན་མ་ཆད་པས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དམག་དོན།རིག་གནས་སོགས་ཕྱོགས་གང་ཐད་ཀྱི་གནས་ཚུལ་ལ་དམིགས་ནས་ཞི་བདེ་ཡོང་བའི་མནའ་རྟེན་དུ་རྡོ་རིང་དེ་བཙུགས་པ་ཡིན་ཕྱིན་རྒྱ་བོད་གཉིས་ཀྱི་ཡི་གེའི་ལམ་ནས་རྡོ་རིང་གི་ནུབ་ངོས་སུ་མནའ་འབྲེལ་གྱི་ཆིངས་ཡིག་བཀོད་པ་རེད།ད་དུང་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་རྗེ་བློན་དང་འབྲེལ་བའི་བཀའ་གཙིགས་རྡོ་རིང་སྟེ༼ཞོལ་རྡོ་རིང༽དང༼ཞོལ་ལྷ་ཁང་གི་རྡོ་རིང༽༼ཀོང་པོ་དེ་མོའི་བཀའ་གཙིགས་བྲག་བརྐོས་མ༽༼སྐབས་དེའི་མནའ་ཚིག་རེ་རེ་ཞིབ་ཏུ་མ་གླེང་བ་ཡིན༽སོགས་ཀྱང་མནའ་རྟེན་དུ་བཞག་ན་འོས་པར་སྙམ།
བཞི།མནའ་འགལ་བཤད་པ།
མནའ་འགལ་ནི་མནའ་དང་འགལ་བ་སྟེ།མཁས་དབང་ནམ་མཁའི་ནོར་བུས།མནའ་དང་འགལ་བ་དེ་ནི་འཇིག་རྟེན་གྱི་ཁྲེལ་དང་བྲལ་བས་སྐྱེ་བོ་ཡ་རབས་ཀྱི་གྲལ་ནས་ཐོན་པ་དང་།དེར་མ་ཟད་ལྷ་དང་ཡུལ་ལྷ་རྣམས་ཀྱང་དེ་ལ་ཐུགས་ཁྲེལ་ནས་ཚེ་འདི་དང་འཇིག་རྟེན་ཕྱི་མ་གཉིས་ཆར་མི་འདོད་པའི་སྡུག་བསྔལ་མང་པོ་འབྱུང་བར་ཡིད་ཆེས་བྱེད་པ་ཅེས་དང་།༼སྔགས་རིམ་ཆེན་མོ༽ལས་རེ་ཞིག་དམ་ཚིག་ཉམས་པ་ན་དངོས་གྲུབ་ཐོབ་པ་ལྟ་ཞོག་གི མི་ཡི་སྐྱེ་བའང་རྙེད་པར་དཀའ་ཞེས་པ་དང་།༼མཁས་འཇུག༽ལས།སྲོག་ནི་གཏོང་གི་དམ་བཅའ་མིན་ཞེས་པའི་མཁས་པ་དག་གི་བཞེད་དགོངས་ལ་དཔྱད་ན།མནའ་དང་འགལ་ཚེ་སྐྱེ་བོ་སུ་དང་གང་ཞིག་ཡིན་ཡང་ཚེ་འདི་ཕྱི་ལ་ཆད་གཅོག་སྡུག་བསྔལ་སྣ་ཚོགས་འབྱུང་ངེས་པ་ཡིན་པའི་ཉེས་པ་ཆེན་པོ་ཡོད་པ་རྟོགས་ཐུབ་ཅིང་།དེ་བས་རང་ག་བའི་གང་ཟག་གིས་ཀྱང་མནའ་དང་འགལ་བའི་མི་ལ༼མནའ་གཟན་དང་།སྐྱག་གཟན༽ཞེས་པའི་མིང་ཐ་ཤལ་བ་བཏགས་ཏེ་མི་རང་ཉིད་ཀྱི་གམ་དུའང་འདུག་ཏུ་མི་འཇུག་པར་དེའི་བཙོག་གྲིབ་ཕོག་པར་འཛེམ་སྲོལ་ཡོད།སྤྱིར་མནའ་ནི་བོད་མི་རིགས་ལ་ཁྲིམས་ལུགས་ཀྱི་ལམ་ལུགས་མེད་པ་ནས་དབུ་ཚུགས་པ་ཞིག་ཡིན་པར་འདོད་ལ།དེ་ཁྲིམས་ལུགས་ཀྱི་རྒྱ་མ་དང་འདྲ་བས་དེར་འགལ་ན་ཁྲིམས་དང་འགལ་བའི་ངེས་ཤེས་དེ་ལྟ་བུ་ཞིག་རྒྱུན་ཆགས་སུ་སོང་བ་རེད།མནའ་དང་འགལ་བའི་ཉེས་པ་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ན་ཚེ་འདི་ཕྱི་དང་སྦྱར་ནས་མང་པོ་གསུངས་ཡོད་ནའང་།ཁྱབ་ཆུང་ས་ནས་གླེང་ན་དེང་སྐབས་རྒྱལ་ཁྲིམས་དང་འགལ་བའི་མི་ལ་སྤྱི་ཚོགས་འཚོ་བའི་ཁྲོད་དམན་སར་འཕེན་པའི་འདུ་ཤེས་འཛིན་སྟངས་དང་ཆ་མཚུངས་པས་བོད་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་མནའ་ཚིག་སྲུང་བ་སྟེ།ཁ་དཔེ་ལའང༼བོད་མནའ་ཐོག་དང་རྒྱ་ཡིག་ཐོག༽ཅེས་པས་ཀྱང་བོད་མིའི་ཁ་དན་ལ་འགྱུར་བ་མེད་པ་མནའ་ཡི་སྟེང་ནས་མཚོན་པ་རེད།དེ་བས་དགེ་ཆོས་ཀྱིས་ཀྱང༼ད་ནི་སྔོན་གྱི་དུས་སུ་བོད་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་པ་བསམ་པར་བྱ་སྟེ།ལུས་རྩལ་ཆེ་ཞིང་གཡོ་སྒྱུ་ཆུང་བ།ངང་ཚུལ་བརྟན་ཅིང་མནའ་ལ་བརྩི་བ༽ཞེས་པའི་མཆིད་གཏམ་འདིས་ཀྱང་བོད་མི་རིགས་ནི་གནའ་ནས་བཟུང་ཁ་དན་ཚིག་ལ་གནས་ཐུབ་པའི་རྒྱུད་དྲང་གཞུང་འཇམ་དང་མནའ་འགལ་ལ་མཐོང་ཆེན་བྱེད་པའི་མི་རིགས་ཤིག་ཡིན་པ་ཞར་ལ་རྟོགས་ཐུབ་བོ།།
 ལྔ།མནའ་བཤགས་བཤད་པ།
མནའ་བཤགས་ཞེས་པ་ནི་ལུས་ངག་ཡིད་གསུམ་ལས་ངག་གི་རྩ་བའི་དམ་ཚིག་མ་སྲུང་བའི་མི་དགེ་བའི་ལས་བསྐྱེད་པ་དེར་སྡིག་བཤགས་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཚུལ་ཞིག་ཡིན་པར་འདོད་ལ།སྤྱིར་དགེ་སྡུག་ཐམས་ཅད་ཡིད་ཀྱི་ཀུན་སློང་ལ་རག་ལས་ཏེ།ཡིད་གཙོ་བོ་ཡིན།ལུས་ངག་བྲན་ཡིན་ནོ།།ཞེས་པ་ལས་སྡིག་པའི་ལས་བྱེད་པ་གཙོ་བོ་ཡིད་ལས་བྱུང་བ་རྟོགས་ཐུབ་ལ།དེས་ན་ཡིད་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་ཅན་གྱིས་ཀུན་ནས་བསླངས་ནས།མཚམས་མེད་པ་ལྔའམ།དེ་དང་ཉེ་བ་ལྔའམ།མི་དགེ་བ་བཅུའམ།སྡོམ་པ་དང་།དམ་ཚིག་ཉམས་པ་སོགས་པ་རང་གིས་བྱས་པ་དང་གཞན་བྱེད་དུ་བསྩལ་བ་དང་།བྱེད་པ་ལ་རྗེས་སུ་ཡི་རངས་པ་རྣམས་ལ་སྡིག་པ་མི་དགེ་བ་ཞེས་བྱ་ཞེས་པས་ཀྱང་དམ་ཚིག་གམ་མནའ་དང་འགལ་བར་སྡིག་པ་ཆེ་བར་བསྟན་པ་རེད།
དེའང་གཙོ་བོ་སྡེ་བ་དང་འཚོ་བ་སོགས་ཁྱབ་ཆེ་ས་ནས་མནའ་བཞག་པ་ཚུལ་བཞིན་དུ་མ་སྲུང་བ་ཡིན་ན་མནའ་བཤགས་ཏེ་སྡིག་པ་དེ་བཤགས་སྲོལ་ཡོད་པ་ཡིན་ལ།དེ་ལ༼མདོ་མྱང་འདས༽ལས།སྡིག་པ་བྱས་ནས་ཀྱང་ཕྱིས་འགྱོད་དེ་ཕྱིས་འཆོས་ན།ཆུ་རྙོགས་པ་ཅན་ནོར་བུ་ཆུ་དྭངས་ཀྱིས་དྭངས་པའམ།སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ།།ཞེས་པས་མནའ་བཤགས་ཀྱི་སྡིག་པའང་སྡིག་པ་ཀུན་དང་འདྲ་བར་སྡི་བཤགས་བྱས་རྗེས་མི་དགེ་བའི་མཚན་མ་ཅི་ཡང་མི་འབྱུང་བར་དེ་ལས་ལྡོག་སྟེ་འབྲས་བུ་ལེགས་པོ་འབྱུང་བ་མངོན་སུམ་དུ་གྲུབ་བོ།།དེའང་སྡིག་པ་བཤགས་ཚུལ་ལ།སྟོབས་རྣམ་པ་བཞིའི་སྒོ་ནས་བཤགས་སོ་ཞེས་པ་དང་།༼ཆོས་བཞི་བསྟན་པའི་མདོ༽ལས།བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན།སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ།།བཞི་གང་ཞེ་ན།རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་།གཉེན་པོ་ཀུན་ཏུ་སྤྱོད་པ་དང་།ཉེས་པ་ལས་ཟློག་པའི་སྟོབས་དང་།རྟེན་གྱི་སྟོབས་སོ།།ཞེས་པར་བརྟག་ན་མནའ་བཤགས་ཀྱང་སྟོབས་རྣམ་པ་བཞི་ལ་བརྟེན་ན་ད་གཟོད་བཤགས་ཐུབ་པ་དེ་རེད།དེ་མིན་ད་དུང་དགེ་བ་བསྒྲུབས་ནའང་སྡིག་པ་བྱང་བར་འགྲོ་བ་ལ༼འདུལ་བ་ལུང༽ལས།གང་ཞིག་སྡིག་པའི་ལས་བྱས་པ།དགེ་བ་ཡིས་ནི་འགོག་བྱེད་དེ།།ཉི་ཟླ་སྤྲིན་ལས་བྱུང་བ་བཞིན།འཇིག་རྟེན་འདི་དེར་སྣང་བར་འགྱུར།ཞེས་པ་སོགས་ཀྱིས་སྡིག་པ་བཤགས་ན་མི་འདག་པ་ཞིག་མེད་པར་མངོན་སུམ་པ་ཡིན་པས།སྔོན་བྱོན་མཁས་པས་ཀྱང་སྤྱིར་སྡིག་པ་ལ་ཡོན་ཏན་མེད་ཀྱང་།བཤགས་པས་འདག་པ་སྡིག་པའི་ཡོན་ཏན་ཡིན།ཞེས་པའི་ཞལ་ཏའང་མང་བ་རེད།མདོན་ན་མནའ་བཤགས་ཀྱི་ཆོ་ག་སྒྲུབ་ཚུལ་ཡང་གོང་སྨོས་ཀྱི་ཉམས་ལེན་འདི་དག་ལས་སྡིག་སྤོང་དགེ་སྒྲུབ་བྱེད་དགོས་པ་ཡིན་ལ།དེ་ལྟར་སྡིག་བཤགས་ལེགས་འགྲུབ་བྱུང་ན་མཚན་ལྟས་རྨི་ལམ་ལེགས་པོ་སྣ་ཚོགས་འབྱུང་བའང་བཤད་ཡོད་པས།མནའ་བཤགས་ནི་བྱ་བ་ཆེ་ཕྲ་ཆུང་གསུམ་གང་ཅིའི་ཐད་ནས་འབྱུང་སྲིད་ཚེ།འདིའང་དཔྱད་གཞི་ཙམ་དུ་འཁུམས་པར་སྙིང་ནས་སྨོན་ནོ།།
 
  • ལེ་ཚན་སྔོན་མ།:མནའ་སྐྱེལ།
  • ལེ་ཚན་རྗེས་མ།:དམངས་ཁྲོད་ལུས་རྩལ།