བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བཤམས་པའི་དམངས་སྲོལ་རིག་དངོས་སྐོར་གླེང་བ།

སྙིང་ལྕགས་རྒྱལ།ཕུར་བུ་ཚེ་རིང་།        2013-07-03

དམངས་སྲོལ་རིག་གནས་ནི་མིའི་རིགས་ཀྱི་ཕྱི་དང་ནང་གི་དངོས་པོའི་ཡར་རྒྱས་ཀྱི་རྣམ་པ་དེ་མི་རབས་ནས་མི་རབས་བར་བརྒྱུད་དེ་རྒྱུད་འཛིན་བྱས་ནས་བྱུང་བའི་རིག་གནས་ཀྱི་མ་ལག་ཅིག་ཡིན།བོད་ཀྱི་དམངས་སྲོལ་རིག་གནས་དེ་ཡང་མདོ་དབུས་མཐོ་སྒང་སྟེང་འཚོ་ཞིང་གནས་པའི་བོད་མི་རིགས་ཀྱི་དངོས་པའི་འཚོ་བ་དང་བསམ་པའི་འཚོ་བ་འཕེལ་རྒྱས་སུ་ཕྱིན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རིག་གནས་དང་།དཔལ་འབྱོར།ཐོན་སྐྱེད་སོགས་བརྒྱུད་དེ་རིམ་བཞིན་ཆགས་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་།བོད་རིགས་མང་ཚོགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཕུལ་བྱུང་རིག་གནས་ཀྱི་ཤུལ་བཞག་ཅིག་ཡིན།ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་དམངས་སྲོལ་རིག་གནས་དེ་དག་གིས་བོད་ཀྱི་ཀུན་སྤྱོད་དང་ཐོན་སྐྱེད་སོགས་ལ་ནུས་པ་ཆེན་པོ་ཐོན་པ་དཔེར་ན།བོད་ཀྱི་དམངས་ཁྲོད་དུ་རྒན་རབས་ལ་བརྩི་བཀུར་དང་གཞོན་སྐྱེས་ལ་གཅེས་སྐྱོང་།རྒན་འོག་གཞོན་ཚུད་ཀྱི་སྤྱོད་བཟང་དར་ཁྱབ་ཆེ་བ་མ་ཟད།སྐུ་མགྲོན་ལ་གུས་ཞབས་དང་ཞེ་ས་བྱེད་པ།གྲོང་པ་ཁྱིམ་མཚེས་ལ་རོགས་རམ་བྱེད་པ།ལྷག་པར་དུ་ནང་བསྟན་གྱི་ལྟ་གྲུབ་ལས་བྱུང་བའི་བྱམས་དང་སྙིང་རྗེ་སོགས་ཀྱིས་སེམས་ཅན་ཐམས་ཅད་མ་རུ་འཛིན་པའི་ལྟ་བ་དང་བདག་གཞན་མཉམ་བརྗེའི་བསམ་བློ་སོགས་ཡོད་པས་ཆུང་དུས་ནས་ཀུན་སྤྱོད་སོགས་ལ་ཡ་རབས་བཟང་པོའི་སྤྱོད་བཟང་དགོས་ཚུལ་བསྟན་ཡོད་པ་སོགས་དམངས་སྲོལ་རིག་གནས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་།གཞན་ཡང་བོད་ཞིང་འབྲོག་ཁུལ་དུ་ས་ཁྱབ་རྡོ་ཁྱབ་ཡིན་པའི་དུས་སྟོན་སོགས་རྩེད་མོའི་རྣམ་གྲངས་མང་པོ་ཡོད་པ་དང་།ལུས་རྩལ་གྱི་འགྲན་ཚོགས།ཚོང་འདུས་སོགས་བྱ་འགུལ་མང་པོ་ཡོད་པས་མི་རྣམས་ཀྱི་བསམ་བློ་དང་ཚོང་རྫས་བརྗེ་རེས་བྱས་ཏེ་འཚོ་བ་དང་ཐོན་སྐྱེད་ཡོ་བྱད་སོགས་འཐུས་ཚང་དུ་བཏང་ཡོད།གཞན་ཐོན་རྫས་ཀྱི་ཁྲོད་གསེར་བཟོ།དངུལ་བཟོ།ལྕགས་བཟོ།ཤིང་བཟོ།ཀོ་བཟོ།ཚེམ་འཐག་སོགས་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་།དམངས་སྒྲུང་དང་།དམངས་གཞས།གཏམ་དཔེ།སྒྲུང་།ལྡེའུ།གླུ་ཤགས།སྒོར་བྲོ། ཤོན། གཡག་རྒྱུག རྟ་རྒྱུག མདའ་རྩེད། སྦེ་ག རྡོ་འཇོག རྐྱང་རྩལ་སོགས་རིག་རྩལ་དང་ལུས་རྩལ་གྱི་རྣམ་གྲངས་དུ་མ་ཡོད་པའི་དམངས་སྲོལ་གྱི་རིག་གནས་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་རྣམས་དང་།དེ་བཞིན་ཡུན་རིང་ལོ་རྒྱུས་ལྡན་ལ་བོད་ཀྱི་ཡུལ་བབས་དང་གནམ་གཤིས་ཀྱི་ཁྱད་ཆོས་སོགས་དང་མཐུན་པའི་བོད་ཀྱི་རྒྱན་གོས་དང་སྡོད་ཁང་གི་བཟོ་རྩལ།འགྲིམ་འགྲུལ་ཡོ་བྱད་སོགས་བོད་ཀྱི་མིས་ནམ་རྒྱུན་མཐོང་ཐུབ་ལ་བེད་སྤྱོད་ཀྱི་ནུས་པ་ཆ་ཚང་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན།རིག་གནས་ཀྱི་ངོ་བོ་མཚོན་པའི་དངོས་ཆས་དེ་དག་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་གནང་ཡོད་ལ།དེ་དག་ལས་ཐོག་མར་རྫ་ཆས་ཀྱི་སྐོར་གླེང་བར་བྱའོ།།
རྫ་ཆས།
རྫ་ཆས་ནི་རྡོ་ཆས་གསར་མའི་དུས་ནས་བྱུང་ཟིན་པའི་གནའ་དཔྱད་རིག་པའི་དཔྱད་གཞི་ཞིག་ཡིན་ལ།དེ་དག་གི་གྲུབ་རྒྱུ་གཙོ་བོ་ས་ཡིན།ས་དེ་དག་ཆུ་དང་རྒྱུ་ཆ་གཞན་དག་བསྲེས་རྗེས་ཡུན་རིང་བར་བརྫི་དགོས་ལ།དེ་ནས་རྫ་བས་ལག་པ་དང་འཕྲུལ་འཁོར་སོགས་ལ་བརྟེན་ནས་ཡོ་བྱད་ཀྱི་རྣམ་པ་དང་དགོས་མཁོ་སོགས་ལ་དམིགས་ནས་རྫ་ཆས་ཀྱི་ཡོ་བྱད་བཟོས་ཏེ།མཇུག་མཐར་རྫ་བསྲེག་བྱས་རྗེས་གཞི་ནས་བེད་སྤྱོད་དང་ཚོང་རྭར་བཀྲམ་བཞིན་ཡོད། བོད་ཀྱི་རྫ་ཆས་རིག་གནས་ནི་གདོད་མའི་དུས་ནས་བེད་སྤྱོད་བཏང་ཟིན་པའི་ཡོ་བྱད་ཀྱི་རིགས་གཙོ་བོ་ཞིག་ཏུ་འདོད་དེ།གནའ་དཔྱད་རིག་པ་པོས་བོད་ཀྱི་ཡུལ་གྲུ་སྟོད་མངའ་རིས།ཆབ་མདོ།ལྷོ་ཁ།གཞིས་ཀ་རྩེ།ལྷ་སའི་ཉེ་འཁོར།དེ་མིན་མདོ་ཁམས་ཀྱི་མཚོ་སྔོན་དང་ཀན་ལྷོའི་ས་ཁུལ་དུ་མ་ནས་རྙེད་ཡོད་ལ།རྫ་བཟོའི་ལག་རྩལ་སོགས་ནམ་བྱུང་སྐོར་ལ་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་སོགས་སུ་གསལ་བོར་བཀོད་མེད་ན་ཡང་།གནའ་དཔྱད་རིག་པས་བརྟག་དཔྱད་བརྒྱུད་མདོ་དབུས་མཐོ་སྒང་དུ་རྫ་ཆས་དར་ནས་ལོ་ངོ་སྟོང་ཕྲག་གསུམ་ལྷག་འགོར་ཡོད་པ་ལྷ་སའི་ཆུ་གོང་དང་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་བདེན་དཔང་བྱས་ཡོད།ལྷ་སའི་ཆུ་གོང་དང་ཆབ་མདོ་ཁ་རུབ་ནས་རྙེད་པའི་རྫ་ཆས་དེ་དག་གི་ཚོས་གཞིའི་སྒོ་ནས་དབྱེ་ན་དམར་པོ།སེར་པོ།ཐལ་མདོག ནག་པོ་བཅས་ཁག་བཞི་དང་།རྫའི་ཕྱི་ངོས་ཀྱི་རི་མོའི་མཚོན་ཐབས་སྒོ་ནས་དབྱེ་ན་ཐག་རིས།མཛུབ་རིས།ཕག་ཟེ་རིས་སོགས་དང་།རྒྱན་རིས་ཀྱི་ཆ་ནས་དབྱེ་ན་ཟུར་གསུམ་ལྟེབ་ཀྱོག་རིས།མཉམ་གཤིབ་ཐིག གཟེ་དབྱིབས། གཞུ་དབྱིབས།འགྲོན་བུའི་དབྱིབས།སྒོར་ཐིག དབྱིབས་གྲུ་བཞི་སོགས་ཡོད།རྫ་ཆས་ཀྱི་བེད་སྤྱོད་ནུས་པའི་ཆ་ནས་དབྱེ་ན་རྫ་སྣོད།རྫ་ཕོར།རྫ་ཁོག་སོགས་རིགས་ཁ་ཤས་ཡོད།དེ་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་རྫའི་ལག་རྩལ་སོགས་ལ་འཕེལ་རྒྱས་བྱུང་བས་རྫའི་རྒྱུ་ཆ་དུ་མ་བོད་ཀྱི་ཨར་ལས་འཛུགས་སྐྲུན་ཕྱོགས་ལ་བེད་སྤྱོད་བཏང་ཡོད་པ་མ་ཟད།མཛེས་ཉམས་དོད་པའི་ཆེད་རྫ་ཆས་ལ་གཡུ་རྩི་གཏོང་བའི་ལག་རྩལ་རིམ་བཞིན་དར།བོད་ལྗོངས་གཞིས་རྩེ་ཁུལ་གྱི་ཞྭ་ལུ་དགོན་པ་དང་སྐྱིད་ཤོད་ཁུལ་གྱི་ནོར་བུ་གླིང་ཁ།གེ་སར་ལྷ་ཁང་སོགས་ལ་གཡུ་རྩི་སེར་པོ་དང་གཡུ་རྩི་སྔོན་པོའི་རྒྱ་ཕིབས་སོགས་བཀོད་ཡོད།རྫ་ཆས་ཀྱི་ལག་རྩལ་རིམ་བཞིན་རྒྱུན་སྤྱོད་ཀྱི་འཚོ་བའི་ཁྲོད་རིགས་དུ་མ་བེད་སྤྱོད་བཏང་ཡོད་པ་དཔེར་ན།ཆུ་ར་མ། ཆུ་བན། ཤ་ཁོག ཐུག་ཁོག ཚགས་རྐྱན། ཚལ་ཁོག ཞོ་བླུགས། གསུར་ཁོག ཁོག་ལྟིར།མེ་ཕོར།ཆང་སྣོད།བག་སླང་།ཡོས་ཁོག ཤ་སྡེར།མོག་གྲུ།བཞུ་བཀྱག ཆབ་ཏོག་སོགས་རྫ་ཆས་རྩི་ཅན་དང་རྩི་མེད་དུ་མ་ཡོད།དེ་མིན་ཆོས་ཕྱོགས་སུ་སྤྱོད་པའི་རྫ་ཆས་ཀྱི་རིགས་ལ་རྣམ་རྒྱལ་བུམ་པ་དང་།ལས་བུམ།ཀ་པ་ལི་ཁེབས་བཀྱག་རང་འགྲིག ནས་སེ།ཕུད་ཕོར།ཕུད་དམ།མཆོད་རྐོང་སྣ་ཚོགས།བསང་ཁོག་མཆོད་སྡེར།མ་ཎི་ལག་བསྐོར་གྱི་བཀྱག
  • ལེ་ཚན་སྔོན་མ།:རོགས་འགྲོགས་པའི་གླུ།
  • ལེ་ཚན་རྗེས་མ།:བོད་ཀྱི་གཏམ་དཔེ་རྣ་བའི་བདུད་རྩི།