ཁྱིམ་ཆས་ཉོ་སྐབས་མཉམ་འཇོག་དགོས་ས་འགའ།

གཟུངས་སྐྱིད།        2013-07-03

སྡོད་ཁང་གསར་བའི་ནང་གནས་སྤར་རྒྱུ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད། འོན་ཀྱང་ཁྱིམ་ཆས་ཅ་ལག་ཉོ་སྐབས་འཛད་སྤྱོད་པ་རྣམས་ཀྱི་མགོ་བོ་ན་བཞིན་ཡོད། ཁྲ་ཁྲ་རིག་རིག་གི་ཁྱིམ་ཆས་མང་པོ་ཡོད་པའི་ཚོང་ཁྲོམ་དུ་སོང་རྗེས། འཛད་སྤྱོད་པས་རྒྱུན་དུ་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བ་དང་། རྒྱུན་དུ་མིག་ལ་ཡག་པ་ལས་བཀོལ་སྤྱོད་བྱེད་མི་བདེ་བ་དང་ཡང་ན་མིག་ལ་མི་མཛེས་པར་མ་ཟད་བཀོལ་སྤྱོད་ཀྱང་བྱེད་མི་བདེ་བའི་ཁྱིམ་ཆས་ཉོས་ནས་ཁྱིམ་དུ་ཐོན་རྗེས། ད་གཟོད་འགྱོད་གདུང་དྲག་པོས་མནར་ཏེ། བཟོ་ཚོང་སྡེ་ཁག་དང་འཛད་སྤྱོད་པའི་མཐུན་ཚོགས་ལ་ཞུ་གཏུག་བྱེད་མཁན་ཧ་ཅང་མང་།
   དེ་བས་འཛད་སྤྱོད་སྡེ་ཁག་གིས་རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ལ་དྲན་སྐུལ་བྱེད་པ་སྟེ། ཁྱིམ་ཆས་འདེམས་གསེས་བྱེད་སྐབས་གཞི་ཁྱོན་ཆེ་ཞིང་ཡིད་རྟོན་རུང་བ། ཉོས་རྗེས་ཀྱི་ཞབས་ཞུ་ཚད་ལྡན་ཡིན་པའི་ཐོན་སྐྱེད་ཁེ་ལས་དང་བདག་གཉེར་ཕྱིར་འཚོང་མཁན་གྱི་ཚོང་རྫས་ཉོ་དགོས། དེ་ལྟར་བྱས་ན་ད་གཟོད་ཚོང་རྫས་ཀྱི་སྤུས་ཀར་འགན་སྲུང་བྱེད་ཐུབ། འཛད་སྤྱོད་པས་ཁྱིམ་ཆས་འདེམས་གསེས་བྱེད་སྐབས་གཅིག་ནས་ཁ་དོག་ལ་བལྟ་བ་དང་སྟེང་གི་རི་མོ་གསལ་བོ་ཡིན་མིན་ལ་བལྟ་དགོས་པ་དང་། གཉིས་ནས་འབུ་སྲིན་ཡོད་མེད་དང་ཞིག་གསོ་བྱས་པའི་ཤུལ་ཡོད་མེད་ལ་བལྟ་དགོས། གསུམ་ནས་འབྲེལ་ཡོད་སྤུས་ཀ་བརྟག་དཔྱད་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་སྙན་ཞུ་ཡོད་མེད་ལ་བལྟ་དགོས། བཞི་ནས་ཁྱིམ་ཆས་བསྐྱལ་ནས་ཁྱིམ་ལ་ཐོན་རྗེས་ངེས་པར་དུ་རང་ཉིད་ཀྱིས་དང་ཐོག་བདམས་པའི་ཁྱིམ་ཆས་དེ་ཡིན་མིན་ལ་གསལ་བོར་བལྟ་དགོས།
   གལ་ཏེ་གནད་དོན་ཡོད་ན་དུས་ལྟར་ཐག་གཅོད་བྱེད་དགོས་པ་དང་། མཇུག་མཐར་ད་རུང་འཛིན་ཡིག་ལེན་རྒྱུ་བརྗེད་མི་རུང་བར་མ་ཟད། ཕྱིར་ཚོང་མཁན་ལ་འཛིན་ཡིག་གི་སྟེང་དུ་ཁྱིམ་ཆས་དེའི་རྒྱུ་སྤུས་དང་རྟགས་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་གསལ་བོར་འབྲི་རུ་འཇུག་དགོས། དེ་ལྟར་བྱས་ན་རྗེས་ཕྱོགས་སུ་རྩོད་གཞི་བྱུང་ཚེ་བདེན་དཔང་སྟོན་རྒྱུ་ཡོད་པ་དང་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་ངེས་རེད།
  • ལེ་ཚན་སྔོན་མ།:སེམས་ཁམས་འཕྲོད་བསྟེན་རྒྱུན་ཤེས།
  • ལེ་ཚན་རྗེས་མ།:བདེ་ཐང་བྱ་སྤྱོད་ཐད་ཀྱི་མཁོ་བ་དྲུག་དང་མི་མཁོ་བ་དྲུག
  • དོ་སྣང་ཆེ་བའི་རྩོམ།