ནག་ཆུ་རྩྭ་ཐང་ནས་མཆེད་པའི་གླུ་སྐད་སྙན་མོ།

བདེ་ཆེན་དབང་མོ།        2013-07-01

ནག་ཆུ་རྩྭ་ཐང་ནས་མཆེད་པའི་གླུ་སྐད་སྙན་མོ།
བོད་རིགས་གླུ་མ་གྲགས་ཅན་བསོད་ནམས་དབང་མོ།
 

གཡང་དཀར་གྱི་འབའ་སྒྲ་དང་། ནོར་ནག་གི་ངུར་སྒྲ། རྟ་མཆོག་གི་རྨིག་སྒྲའི་ཁྲོད་ནས་འཚོ་ཞིང་གནས་པའི་འབྲོག་སྡེ་འདིའང་གངས་ཁ་བ་དཀར་པོས་མུ་ཁྱུད་ཀྱིས་བསྐོར་བའི་ལྗོངས་ཆེན་པོ་འདི་ཡི་ས་ཁུལ་ཡོངས་དང་འདྲ་བར་གནའ་སྔ་མོ་ནས་གླུ་གར་ལ་དགའ་མགུ་ཆེ་ཞིང་།བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དེ་བས་དུངས་ཞེན་ཆེ་བའི་དབང་གིས་བོད་མིའི་གཏམ་སྙན་མོ་ལ་གོམ་པ་སྤོ་ཤེས་པ་ན་བྲོ་འཁྲབ་ཤེས་པ་དང་།སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ཞེས་པའི་བཤད་རྒྱུན་འདི་ཁོ་ཚོའི་ལུས་སྟེང་ན་ལྷན་སྐྱེས་སུ་མངོན་ཡོད་ཅེས་བཤད་ཆོག
རྒྱལ་ཡོངས་གཞོན་ནུ་གླུ་བའི་འགྲན་བསྡུར་ཆེན་པོ་ནང་གསེར་གྱི་རྟགས་མ་ཐོབ་མྱོང་བའི་བོད་ཀྱི་གླུ་མ་བསོད་ནམས་དབང་མོ་ཡང་དེ་ལྟ་བུའི་ཁོར་ཡུག་འཛོམས་པོ་ཞིག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ས་ཁུལ་གྱི་ནག་ཆུ་སོག་རྫོང་ཞེས་པའི་ས་ཆར་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྤྱི་ལོ༡༩༧༧ལོར་མི་ཡུལ་གྱི་ཞིང་ཁམས་རྙེད་དེ་ལང་ཚོའི་མེ་ཏོག་ཐོག་མར་བཞད།ཆུང་དུས་ནས་ཡབ་དྲིན་མོ་ཆེའི་མཛུབ་ཁྲིད་ལ་བརྟེན་ནས་ལ་གླུ་དང་འབྲོག་གླུ།མཛའ་གླུ་སོགས་བོད་ཀྱི་དམངས་ཁྲོད་ཀྱི་གླུ་དབྱངས་སྒྱུ་རྩལ་གང་མང་ཞིག་གིས་བག་ཆགས་ཐེབས་པས། ཁོ་མོ་ཆུང་དུས་ནས་ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་དང་ལྷག་པར་དུ་བོད་ཀྱི་ལ་གླུ་དང་འབྲོག་གླུ་སོགས་ལ་དགའ་ཞེན་ཐུན་མོང་མ་ཡིན་པ་ཞིག་མཆིས་པ་མ་ཟད་འབྲོག་གླུ་དང་ལ་གླུ་སོགས་རྣ་བས་ཐེངས་གཅིག་གཉིས་ཙམ་ཐོས་རྗེས་ཁོ་མོས་དེ་དག་གདངས་དབྱངས་སྙན་མོ་ལ་བརྟེན་ནས་མོ་རང་ཉིད་ཀྱིས་བླངས་ཐུབ་པའི་ཐུན་མིན་གྱི་སྐྱེས་སྟོབས་ཀྱི་ཤེས་རབ་ཅིག་ཀྱང་མཆིས།
ནོར་གནག་གི་རྗེས་དང་ཁྱིམ་ལས་ཀྱི་ཞོར་དུ་ཁོ་མོས་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་དམངས་གླུའི་འགྱུར་ཁུག་གི་དབྱངས་རྟས་བརྒྱན་ཏེ་ཕ་ཡུལ་གྱི་མཐོ་བའི་རི་དང་དམའ་མོ་ཆུ་བོ།ཡངས་པའི་རྩྭ་ཐང་། རྫོང་མཐུག་པའི་ནགས་ཀློང་སོགས་སུ་མ་ཁྱབ་པ་མེད་ཅེས་བཤད་ཆོག་ཆོག་ཡིན།
ལོ་ཡི་འཁོར་མོ་རིམ་གྱིས་འཁོར་སྟེ་བགྲང་བྱ་བཅུ་ཡི་སྐས་ཐེམ་ལ་སླེབས་སྐབས་ཁོ་མོའི་མིང་གི་སྙན་པའང་འབྲོག་ཁུལ་དེ་རུ་གོ་ཚོར་ཅན་ཞིག་ཏུ་གྱུར། དེ་རྗེས་དྲིན་ལྡན་ཡབ་ཡུམ་ཟུང་གི་བཀའ་དྲིན་ཐུགས་ཀྱིས་བསྐྱངས་ཏེ་རིག་པའི་གླིང་གར་འགྲིམ་པའི་ལས་བཟང་པོ་ཐོབ་སྟེ་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་རིམ་གྱིས་བརྒལ་ཏེ་རང་ཉིད་ཀྱིས་འབད་འབུངས་དང་སྡུག་རུས་ལ་བརྟེན་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གླིང་དེ་གའི་དགེ་རྒན་དམ་པའི་གསུང་གི་བདུད་རྩི་ཚིམ་མེད་དུ་འཐུང་སྟེ་སློབ་སྦྱོང་ལ་བརྩོན་པའི་ཞོར་ལ་གླུ་དབྱངས་སྒྱུ་རྩལ་ལའང་སྦྱང་པ་མི་དམན་པ་བྱས་པས་སློབ་གྲྭ་དེ་ག་ནས་སློབ་མཐར་ཕྱིན་རྗེས་གཞོན་ནུ་དམག་དཔུང་གི་གླུ་དབྱངས་མཁས་ཅན་ཞིག་ཏུ་གྱུར།
སྤྱི་ལོ༡༩༩༡ལོར་ནག་ཆུ་སོག་རྫོང་གི་དྲིལ་སྒྲོག་རུ་ཁག་ཏུ་བྱ་བའི་ལས་རྐང་ལ་ཞུགས།༡༩༩༢ལོར་ཞིན་ཅང་དུ་བཙུགས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགསཀྱི་ཁེར་གླུ་དང་ཁེར་དཀྲོལ།ཁེར་བྲོ་བཅས་ཀྱི་འགྲན་བསྡུར་དུ་ཞུགས་ཏེ་བབ་ཆགས་ལ་སྙན་འཇེབས་ལྡན་པའི༼འབྲོག་གླུ༽ཞིག་ཁེར་ལེན་བྱས་པས་དེར་འདུས་ཀྱི་དཔྱད་འདེམས་པ་དང་ལྟད་མོ་བ་ཡོངས་ཀྱི་ཡིད་སེམས་རབ་རུ་བཀུག་སྟེ་བྱ་དགའ་ཨང་དང་པོ་ཐོབ་པས་ནག་ཆུ་ས་ཁུལ་གྱི་དྲིལ་སྒྲོག་རུ་ཁག་ཏུ་ལས་གནས་སྤོར་འཐེན་བྱས།ནག་ཆུ་ས་ཁུལ་གྱི་དྲིལ་སྒྲོག་ཁང་དུ་ལས་ཀ་བསྒྲུབས་ནས་ལོ་ཡི་འཁོར་མོ་བཅུ་ཡི་རིང་ལ་ཚོགས་པ་དང་མཉམ་དུ་འབྲོག་ཁུལ་དང་གྲོང་ཁྱེར།གྲོང་གསེབ་སོགས་སུ་གླུ་དབྱངས་སྒྱུ་རྩལ་གྱི་འཁྲབ་སྟོན་གྱི་བྱ་བར་ཐེངས་དུ་མར་ཞུགས་པས་ཕ་ཡུལ་གྱི་དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་སྔོགའདོན་གྱི་ཐད་ལ་བྱས་རྗེས་མི་དམན་པ་བཞག ༢༠༠༠ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས༼དུས་རབས་གསར་པ་བསུ་བའི་མི་རིགས་དམངས་ཁྲོད་གླུ་བ་འགྲན་བསྡུར༽ནང་བྱ་དགའ་ཨང་དང་པོ་བླངས།
༢༠༠༢ལོའི་བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ་སར་དགུང་ཚོགས་སུ་ཁོ་མོས་མགྲིན་པ་གཟེངས་སུ་གཏེགས་ཏེ༼གསེར་ལུང་ཡག༽ཞེས་པའི་གླུ་དབྱངས་ཤིག་སྙན་འཇེབས་ཀྱི་ངག་ལ་བཀུག་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་དང་བ་རབ་ཏུ་དྲངས་པས་བསོད་ནམས་དབང་མོ་ཞེས་པའི་མཚན་གྱི་སྙན་པ་ཡང་སྐབས་དེ་ཤེད་ཅིག་ནས་གྲགས་པའི་འགོ་ཚུགས།
༢༠༠༢ལོར་ནས་ཁོ་མོ་རིམ་བཞིན་རྒྱལ་ཁབ་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པའི་འཁྲབ་སྟོན་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་གྲགས་ཅན་ཞིག་ཏུ་གྱུར།༢༠༠༢ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་རྩ་འཛུགས་བྱས་པའི་སྐབས་བཅུ་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་འགྲན་བསྡུར་ཆེན་མོའི་ཐོག་ཏུ་ཁོང་རང་ཉིད་མིང་དུ་གྲགས་བྱེད་ཀྱི་གླུ་དབྱངས༼གསེར་ལུང་ཡག༽ཅེས་པ་དེ་སྙན་འཇེབས་ཀྱི་ངག་ལ་བཀུག་པས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཁ་ན་ཏ་སོགས་སུ༼བོད་ལྗོངས་རིག་གནས༽ཞེས་པའི་གླུ་གར་འཁྲབ་སྟོན་བྱེད་པར་ཁོ་མོས་གཙོ་འགན་བཞེས་ཏེ་འཁྲབ་སྟོན་གྱི་ལས་ཀར་ཞུགས་པས་བོད་ཀྱི་བུ་མོ་བསོད་ནམས་དབང་མོ་ཞེས་པ་རྒྱལ་ཕྱི་ནང་གི་མི་གང་མང་ཞིག་གིས་ཤེས་པར་གྱུར། ༢༠༠༢ལོའི་ཟླ་བ༥པར༼སྐབས་བཅུ་པའིCCTVན་གཞོན་གླུ་བའི་འགྲན་བསྡུར་ཆེན་མོའི༽ཐོག་ཏུ་ཡང་བསྐྱར༼གསེར་ལུང་ཡག༽ཞེས་པའི་གླུ་དབྱངས་དེས་གསེར་གྱི་རྟགས་མའི་བྱ་དགའ་བླངས་པ་དང་ལྟད་མོ་བའི་ཆེས་དགའ་བསུ་ཐོབ་པའི་གླུ་མ་ཞིག་ཏུ་གྱུར་པ་མ་ཟད་བོད་རིགས་བུ་མོ་ཞིག་གི་འགྲན་བསྡུར་འདི་རུ་བླངས་པའི་གསེར་གྱི་རྟགས་མའི་བྱ་དགའ་ཐོག་མ་དེ་ཡིན་པར་གྲགས།
༢༠༠༢ལོར་ཁོ་མོ་རྒྱལ་ཁབ་སྤྱི་ཁྱབ་ཆབ་སྲིད་གླུ་གར་ཚོགས་པར་ཞུགས་པ་དེ་ནི་བོད་ཀྱི་བུ་མོ་ཞིག་ཚོགས་པ་དེ་རུ་ཞུགས་རྒྱུ་ལོ་རྒྱུས་ཐོག་གི་ཐོག་མ་ཡིན་པར་གྲགས།དེ་རྗེས་ཏང་དང་རྒྱལ་ཁབ།དམག་དཔུང་གི་གལ་ཆེན་བའི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་གང་མང་དུ་ཞུགས།ཚོགས་པ་དང་མཉམ་དུ་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་གི་དྲག་ཆས་ཉེན་རྟོག་པར་འཚམས་འདྲི་ཞུ་སར་ཞུགས་མྱོང་བ་དང་།ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཞིང་ཆེན།གྲོང་ཁྱེར་སོ་སོའི་བརྙན་འཕྲིན་ཁང་གིས་སྒྱུ་རྩལ་དགུང་ཚོགས་གང་མང་དུ་ཞུགས་པ་མ་ཟད།ཨ་མེ་རི་ཁ་དང་ཧྥ་རན་སེ།འཇར་པན།སི་ཕེན།ཧོ་ལན།སུའེ་ཏེན།སིང་ཀ་ཕོར་སོགས་རྒྱལ་ཁབ་གང་མང་དུ་འཚམས་འདྲི་ལྟ་སྐོར་དུ་སོང་མྱོང་ཡོད།
ལོ་དེའི་ནང་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ལུས་རྩལ་བྱ་དགའ་གནང་བའི་དགུང་ཚོགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་མཛེས་རྩལ་བྱ་དགའ་གནང་བའི་དགུང་ཚོགས།ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བརྙན་འཕྲིན་ཁང་བཙུགས་ནས་ལོ༤༥འཁོར་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་དགོང་ཚོགས་སོགས་སུ་ཞུགས། ༢༠༠༤ལོརCCTVལོ་སར་དགུང་ཚོགས་སུ་ཞུགས།
༢༠༠༤ལོར་ཅང་སུའུ་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེན་ནས་ལོ༥༠འཁོར་བའི༼འཛུགས་སྐྲུན་པའི་བརྗིད་ཉམས༽བརྙན་འཕྲིན་སྒྱུ་རྩལ་དགུང་ཚོགས་སུ་ཞུགས།
༢༠༠༤ལོརCCTV༼ལྔ་བཞི་ལས་འགུལ་རྗེས་དྲན་བྱེད་པའི་ལོ༨༥འཁོར་བའི༽སྒྱུ་རྩལ་ཆེ་གྲས་དགུང་ཚོགས་སུ་ཞུགས།
མདོར་ན།ཆེད་གཉེར་གསོ་སྐྱོང་སྦྱོང་བརྡར་གང་ཡང་ཐོབ་མྱོང་མེད་པའི་བོད་ཀྱི་བུ་མོ་དཀྱུས་མ་བསོད་ནམས་དབང་མོ་ལྟ་བུ་ནི་ཁོ་རང་ཉིད་ཀྱི་སྙིང་སྟོབས་དང་འཚོལ་སྙེགས་ཁོ་ན་ལ་བསྟེན་ནས་གླུ་དབྱངས་སྒྱུ་རྩལ་གྱི་རིགས་ལ་ཨུ་ཚུགས་ཀྱི་བརྩོན་པ་བསྐྱེད་པར་བརྟེན་ཀྲུང་གོའི་འབྲི་ཆུའི་ལྷོ་བྱང་དུ་སྐད་གྲགས་ཆགས་པ་དང་།ད་ལྟར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་སྒྱུ་རྩལ་སྦྱངས་འབྲས་ཁྱད་ཐོན་སློབ་མ།གཞོན་ནུ་དམག་དཔུང་གི་གླུ་དབྱངས་མཁས་པ་ཞིག་ཏུ་གྱུར།སྔ་རྗེས་སུ་ཁོ་མོས་རྒྱ་བོད་སྐད་རིགས་གཉིས་ཀྱི་སྒོ་ནས་རང་ཉིད་ཀྱི་ཆེད་བསྒྲིགས་ཟེར་སྡེར་དང་སྒྲ་ཐག་སོགས་གང་མང་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ་རྒྱ་ཆེ་བའི་མི་རིགས་ཁག་གི་སྤུན་ཟླ་ཡོངས་ལ་སྙན་གྱི་གསོས་དང་རྣ་བའི་བཅུད་དུ་ཕུལ་མྱོང་ཡོད། །
 
 
 

  • ལེ་ཚན་སྔོན་མ།:གླུ་དབྱངས་ལ་འཁྱུད་པའི་མི་ཚེ།
  • ལེ་ཚན་རྗེས་མ།:དག་ཞིང་སེམས་ཀྱི་ཉི་ཟླ་རུ་ལྷན་དུ་འཛོམས།༼སེམས་ཀྱི་ཉི་ཟླའི་ཚན་སྡེབ་སྐོར་བཀོད་པ།༽
  • དོ་སྣང་ཆེ་བའི་རྩོམ།