ལུང་ཤར་རྡོ་རྗེ་ཚེ་རྒྱལ།

ལྷམ་ཀོག        2013-06-19

ལུང་ཤར་ལགས་ཀྱི་ཕའི་མིང་ལ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་མའི་མིང་ལ་བདེ་ཆེན་པད་མོ་ཟེར། འཁྲུངས་དུས་ནི ༡༨༨༡ ལོ་ཡིན། ལོ༨ སྟེང་ཕ་འདས། ཁོང་གིས་རིག་གནས་མང་དུ་བསླབས་ཤིང་ལྷག་པར་གསོ་བ་རིག་པར་དགྱེས་ཤིང་རོལ་ཆ་དཀྲོལ་བའི་གྲོགས་པོ་གྲོགས་མོ་རྒྱ་བོད་ཧེ་གསུམ་གྱི་རིགས་ཡོད་པར་བཤད། ལོ་ཉི་ཤུའི་སྟེང་ཆུང་མ་བསུས་ཤིང་གཞུང་ཞབས་པའི་གྲས་སུ་བཞག་ནས་མི་རིང་པར་རྩིས་ཁང་གི་རྩིས་པའི་ལས་ཐོབ་ཁུར། ཁོང་གི་ཆུང་མ་སྟབས་མ་ལེགས་པར་སྐུ་གཤེགས། དེའི་རྗེས་སུ་ཡང་བསྐྱར་ཆུང་མ་ཁབ་ཏུ་བཞེས་ནས་བུ་ལྷ་ཀླུ་སོགས་ཡོད་འདུག ༡༩༡༡ ལོར་ཏཱ་ལའི་བླ་མ ༡༣ མཆོག་ཧིན་རྡུར་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་པོ་མཁྱེན་རྟོགས་བྱུང་ནས་བོད་ལྗོངས་ཡར་རྒྱས་སུ་གཏོང་ན་རིག་པ་གསར་བ་བསླབ་དགོས་དགོངས་ནས། ༡༩༡༣ ལོར་སྐུ་དྲག་གི་ཁོང་ནས་བུ་ཕྲུག་ན་གཞོན་ཁ་ཤས་འདེམ་སྒྲུག་བྱས་ཏེ་དབྱིན་ཡུལ་དུ་བཏང་དུས་ལུང་ཤར་ལགས་མགོ་གཙོར་བསྐོས་པ་ཡིན། དེ་ནས་དབྱིན་ཡུལ་དུ་སོང་ནས་སློབ་སྦྱོང་བྱས་པར་མ་ཟད་རྒྱལ་ཁབ་གཞན་དག་ལ་འང་ཕེབས་མྱོང་ཡོད། ཕ་རིན་སི།ཨི་ཀྲར་ལི་སོགས་སུ་ལྟ་སྐོར་དུ་ཕྱིན་པའི་རིང་དབྱིན་སྐད་དབྱིན་ཡིག་ལ་མཁྱེན་རྟོགས་ཡོད་པ་དང༌། དེ་ལས་གཞན་སྲིད་ལུགས་དང་དམག་དོན་སོགས་ལ་རྒྱུས་ལོན་བྱས་མཐར་བོད་དུ་ཕེབས་པ་རེད། དེ་དུས་རྒྱལ་དབང་མཆོག་གིས་དམིགས་བསལ་གཟིགས་སྐྱོང་གནངས་ཏེ་རྩིས་དཔོན་གྱི་གོ་གནས་སྤྲད། དེ་དུས་བོད་དམག་སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་ཞིང༌། དམག་ཕོགས་ལྡེང་གི་མེད་སྟབས་འབྲུ་རིགས་འཕར་མ་བསྡུ་རྒྱུའིའཆར་གཞི་བཟོས་ཏེ་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་ཐོག་དོ་དམ་པར་ལུང་ཤར་ལགས་དང་མི་གཞན་ཞིག་བསྐོས་པ་རེད། རྒྱལ་དབང་༡༣ཁོང་སྐུ་གཤེགས་པ་དང་བསྟུན། སྐབས་དེའི་འབྲུ་ཁྲལ་སོགས་ཀྱི་ལས་རིགས་མང་པོའི་ཐད་སྐུག་དྲག་བར་གླེང་བརྗོད་དང་མི་མཐུན་པ་བྱུང་བར་སྐབས་འཁེལ་ནས་ལུང་ཤར་ལགས་ལ་མི་སྙན་པ་སྒྲོགས་གིན་འདུག ལྷག་པར་རྒྱལ་དབང་མཆོག་སྐུ་གཤེགས་པའི་རྗེས་སུ་ལུང་ཤར་ལགས་ལ་རྒྱབ་གཏོད་ས་མེད་པས་ཆགས་སྒོ་ལ་འཕྲད་པའི་མགོ་བརྩམས་པ་རེད་འདུག དོན་དག་གཞན་གཙོ་བོ་ཞིག་ནི་ལུང་ཤར་མཆོག་ཨིང་ལེན་སོགས་ཕྱི་རྒྱལ་ཁག་ལ་ཕེབས་པའི་ཤུགས་རྐྱེན་གྱིས་ས་གནས་སྲིད་གཞུང་གི་ལམ་ལུགས་ལའགྱུར་བ་གཏོང་རྒྱུའི་བསམ་བློ་སྐྱེས་ནས་སྐྱིད་ཕྱོགས་ཀུན་མཐུན་ཞེས་པའི་ཚོགས་པ་བཙུགས། མིང་གཞན་ལ་ལུང་ཤར་ལས་འགུལ་ཡང་ཟེར། ཚོགས་མི་བརྒྱ་ལྷག་འདུས་ཤིང་གྲོས་མགོ་ལུང་ཤར་ལགས་ཀྱིས་འདོན་བཞིན་ཡོད་སྐབས་དེར། ལུང་ཤར་གྱི་བློ་འགེལ་གྱི་གྲོགས་པོ་གཙོ་བོ་ཀ་ཤོད་ཆོས་རྒྱལ་ཉི་མས་སྐབས་དེའི་གྲོས་གཞི་དང་གྲོས་བསྡུར་ཚང་མ་ཧ་གོ་ཡི་ཡོད། སྐབས་འདིར་ཡ་མཚན་དགོས་པ་ཞིག་ནི་ཆོས་རྒྱལ་ཉི་མ་རང་གི་ཁེ་ཕན་ཞིག་སླད་དུ་འམ་ཅི་ཡིན་ཆ་མ་འཚལ་ཡང༌། ཆོས་ཉི་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ནས་ལུང་ཤར་ལགས་ཀྱི་ཚོགས་པའིསྒྲིགས་འཛུགས་ཡོད་ཚད་བཤད་པ་མ་ཟད། ཚིག་ཁ་སྣོན་བྱས་ཏེ་བཀའ་བློན་ཚོ་གསོད་རྩིས་ཡོད་སྐོར་ཞིག་བརྗོད་འདུག དེར་བསྟུན་བཀའ་བློན་ཁྲི་སྨོན་པས་རྭ་སྒྲེང་ལ་ཡར་ཞུ་བྱས་ཏེ་ལུང་ཤར་འཛིན་དགོས་པའི་རེ་བ་བཏོན་པ་རེད། རྭ་སྒྲེང་ལུང་ཤར་གཉིས་ལ་འབྲེལ་བ་ཡགས་པས་དོན་དེ་འཕྱི་འགྱངས་སུ་གཏོང་རྩིས་བྱས་ཀྱང་བཀའ་བློན་ཨུ་ཚུགས་ཅན་དེས་དབང་མེད་དུ་བསྐུལ་ནས་དོན་གཏན་འཁེལ་བྱས་ཚེ། བཀའ་བློན་ཁོ་འབྲས་སྤུངས་དགོན་དུ་བྲོས་པ་རེད། སྐབས་དེར་ཤོད་གཟིམ་འགག་ནས་ལུང་ཤར་ལགས་ལ་ཕོ་ཉ་མངགས་ཏེ་ཚོགས་འདུ་གལ་ཆེན་ཞིག་ཡོད་རྐྱེན་མྱུར་དུ་འོང་དགོས་པའི་བཀའ་བརྡ་བཏང་བྱུང༌། ལུང་ཤར་ལགས་སྣང་མེད་སྒོས་ཚོགས་འདུར་ཞུགས་རྒྱུའི་བྲེལ་སྟབས་ངང་ཕེབས་སྐབས་རྩེ་ལྟག་སྒོའི་རྒྱབ་ཏུ་བསླེབས་གྲབས་ཡོད་ཚེ། ཁོང་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་སྐོར་བརྗོད་དེ་ཟུར་དུ་བཞག་ཡོད་དུས་སྐུ་སྲུང་འགས་འཐབ་རེ་ཅུང་བྱས་མོད་རྒྱལ་ཁ་མ་ལོན་པར་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། དེ་དུས་ཆོས་ཉི་བཙོན་དུ་བཅུག་ཡོད་པའི་ཁུལ་བྱས་པ་རེད། ལས་སྣེ་དག་གིས་ཞིབ་བཤེར་སྐབས་ཆོས་ཉིས་བཤད་པ་དག་ཉེས་པར་བརྩིས་ནས་ལུང་ཤར་ལགས་ལ་ངོ་སྤྲད་ཚེ། ལུང་ཤར་ལགས་ཀྱིས་དེ་ལྟ་བུ་ཞིག་མིན་ལུགས་དང་ལྷག་དོན་བཀའ་བློན་བསོད་རྩིས་མེད་ལུགས་སྐོར་བརྗོད་པར་མ་ཟད། གསར་བཅོས་་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམ་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གཞན་མེད་ཅེས་ལབ་ཀྱང་ཕན་འབྲས་མ་ལྡན་སྟབས། ཁོང་གིས་མཇུག་ཏུ་ཁྱོད་ཚོས་ཅི་བཤད་ནའང་ངས་ལན་བརྒྱག་གི་མིན་ཞེས་ལེན་གཅིག་མ་བཏབ། ཞིབ་དཔྱོད་པས་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བྱས་ཏེ་རྒྱལ་ཚབ་ལ་ཕུལ་མོད་རྒྱལ་ཚབ་ཀྱིས་ང་ནི་བླ་མ་ཡིན་པས་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་ལྟོས་གསུངས་སྐབས་སྲིད་བློན་གླང་མདུན་གྱིས་ལུང་ཤར་གྱིས་ནང་གྲོས་དེ་རུ་སུ་དམར་པོའི་ལུགས་བྱས་པ་ཡིན་སྟབས་མིག་གཉིས་བཏོན་ནས་ཚེ་བཙོན་བྱ་རྒྱུར་ལག་རྟགས་བཀོད་དེ་ཐག་བཅད་པ་རེད། དེ་ལས་གཞན་ཁོང་གི་བུ་གཉིས་ཀྱི་ལག་པ་གཅོད་རྒྱུ་བྱས་མོད་ཕ་བོང་ཁ་སོགས་ཀྱིས་ཞུ་གཏུགས་བྱས་ནས་གཅོད་མ་དགོས་པ་རེད། འོན་ཀྱང་ཉེས་ཆད་གཞན་ཞིག་ནི་བུ་གཉིས་རྒྱང་ཕུད་དུ་བཏང་ནས་ལུང་ཤར་མི་རྒྱུད་ཀྱིས་དཔོན་ས་འཛིན་མི་ཆོག་པའི་བཀའ་བསྒྲགས་པ་རེད། སྐབས་དེར་ལུང་ཤར་བ་བཙོན་དུ་བཞུགས་ཤིང་ཁོང་གི་སྡོད་ས་དེར་སྡིག་པ་ར་ཙ་མང་པོ་ཡོད་རབས་བཤད། ཅང་མ་འགོར་བར་མིག་གཉིས་བཏོན་འདུག་ཅིང༌། མིག་འདོན་སྐབས་གླང་ཆེན་སྨྱོན་པ་ཞེས་པའི་སྨན་ཞིག་བྱིན་པ་དང༌། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་བསྡམས་ནས་བཙིར་ཐོག་མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབས་ནས་བཀོག་སོང༌། ཞེས་ལུང་ཤར་ལགས་ཀྱིས་གསུངས་པ་དེ་ལྟར་རོ རྗེས་སུ་ཁོང་གི་ལུས་པོར་བདེ་ཐང་མ་བྱུང་བས་སྒང་ལ་ཁྱིམ་དུ་སྡོད་ཐུབ་པ་བྱུང་ཡང་ལོ་གཅིག་ཙམ་ལས་མ་བཞུགས་པར་སྐུ་འདས་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་རོང་དང་བེེ་རོ་ཙ་ནའི་སྐོར།
  • ལེ་ཚན་རྗེས་མ།:མགར་ཁྲི་འབྲིང་བཙན་བྲོད་ཀྱི་བྱས་རྗེས་རགས་ཙམ་གླེང་བ།