མདུན་ཤོག > གནས་སྐོར་ཟིན་བྲིས།
 
བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།

2013-03-12   

 

 

བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།

1997ལོར།ང་རང་རང་སྐྱོང་ལྗོངས་ཀྱི་མངའ་རིས་ས་ཁུལ་རིག་དངོས་བརྟག་དཔྱད་རུ་ཁག་གི་ཆེད་མཁས་པ་དང་མཉམ་དུ་རྩ་མདའ་རྫོང་གི་མཐོ་ལྡིང་དགོན་པར་སོང་ནས་ཟླ་ངོ་གཉིས་རིང་ལ་བྱ་བ་བསྒྲུབས་པ་ཡིན།སྐབས་དེར་མངའ་རིས་ས་ཁུལ་གྱི་མིང་གྲགས་ཆེ་བའི་གནའ་ཤུལ་མང་ཆེ་བར་མཇལ་སྐོར་ལ་འགྲོ་བའི་གོ་སྐབས་ལེགས་པོ་བྱུང་སོང་།  ང་རང་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དུ་འབྱོར་ནས་མཐོ་རྒྱུ་མེད་པའི་རི་སྒང་དེའི་རྩེར་འགོས་མ་ཐག་མིག་མདུན་དུ་འཚང་ཁ་ཤིག་ཤིག་ངང་ཡོད་པའི་བྲག་ཕུག་མང་པོ་མངོན་བྱུང་བས།དུས་སྐབས་དེར་གནས་འདིར་མི་བརྒྱ་ཕྲག་འགའ་འཚོ་སྡོད་བྱས་མྱོང་བ་ཚོད་དཔག་ཐུབ།ངས་བྲག་ཕུག་རྩིག་བཟོ་དག་ལ་ཞིབ་ཏུ་བལྟས་པ་ན་སྐབས་དེར་རྩིག་བཟོའི་ནུས་པ་ལྟར་ཇུས་འགོད་བྱས་པའི་རྣམ་པ་ད་སྐབས་ཡང་མཐོང་ཐུབ་སྟེ།ཉལ་ཁང་དང་ཐབ་ཚང་།མཛོད་ཁང་བཅས་ཁ་ཁ་བྱས་ཡོད་པ་དང་།བཀག་སྡོམ་རྣམ་པའི་བརྒྱུད་ལམ་དང་སོ་ལྟ་ཁང་སོགས་ཀྱི་རྣམ་པ་སྔར་བས་གསལ་བོ་མཐོང་ཐུབ།ད་སྐབས་བལྟས་ན་རྩིག་བཟོ་འདི་དག་ཅུང་ཟད་ཐབས་ཆག་ཏུ་འདུག་མོད་འོན་ཀྱང་ང་ཚོས་དེ་ལ་བྲག་ཕུག་རྩིག་བཟོ་ཞེས་བོས་ན་མི་འཚམས་པ་ཅི་ཡང་མེད། བོད་ལྗོངས་ཀྱི་མངའ་ཁོངས་སུ་སྟོད་མངའ་རིས་
ནི་བྲག་ཕུག་རྩིག་བཟོ་ཆེས་མང་བའི་ས་ཁུལ་ཞིག་ཡིན་པ་དང་།བདག་གིས་དངོས་སུ་མཐོང་མྱོང་བ་གླང་ཆེན་ཁ་འབབ་ཀྱི་འབབ་རྒྱུད་དུ་མདའ་འབབ་བྲག་ཕུག་རྗེས་ཤུལ་དང་།ཁྱུང་ལུང་དངུལ་མཁར་བྲག་ཕུག་རྗེས་ཤུལ།དུང་དཀར་ལྡེབས་རིས་བྲག་ཕུག་རྗེས་ཤུལ་བཅས་དང་།རྨ་བྱ་ཁ་འབབ་འབབ་རྒྱུད་དུ་མགོན་པོའི་ལྷ་ཁང་བྲག་ཕུག་དགོན་པ་ཡིད་པ་དེ་དག་གིས་གནའ་བོའི་བྲག་ཕུག་རྩིག་བཟོའི་ཚོགས་ཁག་ཅིག་གྲུབ་ཡོད་ལ།དུས་རབས་ཤིག་གི་རྩིག་བཟོའི་གཙོ་རྒྱུགས་རྣམ་པའང་མཚོན་ཡོད། བོད་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར་ན་བོད་ཀྱི་བཙན་པོའི་རྒྱལ་རབས་འཐོར་པ་དང་།བཙན་པོ་ཆེས་མཐའ་མ་གླང་དར་མ་སྐུ་བཀྲོངས་རྗེས།ཁོང་གི་རྒྱལ་རྒྱུད་ཅིག་སྟོད་མངའ་རིས་སུ་བྲོས།དེའི་རྗེས་སུ་སྐྱེད་ལྡེ་ཉི་མ་མགོན་གྱིས་གུ་གེ་རྒྱལ་རབས་བཙུགས་པ་དང་།ལོ་བདུན་བརྒྱ་ལྷག་གི་རིང་ལ་མངའ་རིས་ས་ཁུལ་དབང་དུ་བསྒྱུར་བར་བརྟེན་མངའ་རིས་ཀྱི་བྲག་ཕུག་རྗེས་ཤུལ་ལ་ཐེབས་པའི་ཤུགས་རྐྱེན་ཆེས་ཆེ།དོན་དངོས་སུ་དེའི་སྔོན་གྱི་ཞང་ཞུང་རྒྱལ་རབས་དང་དེའི་རྗེས་ཀྱི་སྡེ་སྲིད་ཕག་མོ་གྲུ་པ་དང་།དགའ་ལྡན་ཕོ་བྲང་སོགས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་རིག་གནས་ཀྱིས་ཀྱང་མངའ་རིས་བྲག་ཕུག་རྩིག་བཟོའི་རྗེས་ཤུལ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། མངའ་རིས་ཀྱི་བྲག་ཕུག་རྩིག་བཟོའི་རྗེས་ཤུལ་ཁྲོད་གཞི་ཁྱོན་ཆེས་ཆེ་ལ་རྣམ་པ་ཆེས་གཟི་ཉམས་ལྡན་པ་ནི་ཁྱུང་ལུང་དངུལ་མཁར་ཕོ་བྲང་གི་རྗེས་ཤུལ་ཡིན།ཞང་ཞུང་རིག་གནས་ཀྱི་ཁྱད་ཆོས་སྟུག་པའི་ཕོ་བྲང་འདི་བྱ་རྒྱལ་ཁྱུང་ཆེན་གྱི་གཤོག་ཟུང་བརྐྱངས་འདྲའི་ས་སྒང་ཞིག་གི་སྟེང་དུ་ཆགས་ཡོད་ལ།ཕོ་བྲང་གིས་ནུབ་ཏུ་འབབ་པའི་གླང་ཆེན་ཁ་འབབ་ལ་ཁ་གཏད་ནས་ཡོད་པ་དང་།ཁ་དོག་དཀར་སེར་སྐྱ་གསུམ་འདྲེས་མའི་ས་སྒང་འདིས་ཕོ་བྲང་འདི་ལ་ལྐོག་གྱུར་གྱི་ཡོལ་རས་ཤིག་དཀྲིས་ཡོད།རྗེས་ཤུལ་ཁྲོད་ཕོ་བྲང་དང་བརྒྱུད་ལམ།སྡོད་ཁང་བཅས་ཡོད།ས་སྒང་འདིའི་སྟེང་བྲག་ཕུག་རྩིག་བཟོ་ལས་གཞན་ད་དུང་དགོན་པ་ཞིག་ཡོད་ལ།དེ་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྗེས་ནས་བསྐྲུན་པ་ཤེས་ཐུབ།བོད་ཀྱི་ལོ་རྒྱུས་སུ་བཀོད་པ་ལྟར་ན།ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྲང་མོ་སད་མ་ཀར་ཞང་ཞུང་རྒྱལ་བོ་ལི་སྙ་ཤུར་ལ་མནའ་མར་བྱིན་པ་དང་།སྐབས་དེའི་རྒྱལ་ས་ནི་ཁྱུང་ལུང་རྔུལ་མཁར་ཕོ་བྲང་ཡིན།ད་སྐབས་ཁྱུང་ལུང་རྔུལ་མཁར་ཕོ་བྲང་རྗེས་ཤུལ་གྱི་སྤྱིའི་རྣམ་པ་ལས་ང་ཚོས་ད་དུང་སྐབས་དེའི་གཟི་དཔལ་ཉམས་སུ་མྱོང་ཐུབ།རྔམ་བརྗིད་ལྡན་པའི་ཕོ་བྲང་འདིར་ཆར་རླུང་འདྲེས་མའི་ལོ་ཟླ་རིང་མོའི་ཁྲོད་དུ་ཆག་འཇིག་ཆེན་པོ་ཐེབས་མོད།འོན་ཀྱང་དེའི་གཞི་ཁྱོན་ཆེན་པོ་དང་།ཡ་མཚར་བའི་ཆགས་ས།རྩིག་བཟོའི་བཀོད་པ་སོགས་ལས་སྔར་བཞིན་གནའ་བོའི་ཞང་ཞུང་རྒྱལ་རབས་ཀྱི་སྟོབས་འབྱོར་རྟོགས་ཐུབ་ལ།རྒྱལ་རབས་ཤིག་གི་དར་རྒུད་ཀྱི་ལོ་རྒྱུས་ཀྱང་མཚོན་ཡོད། བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོའི་བརྗིད་ཉམས་དེ་སྟོད་མངའ་རིས་སུ་དར་རྒྱས་ཆེན་པོ་བྱུང་།ངས་བལྟས་ན་འདི་ནི་མངའ་རིས་ས་ཆའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་གཤིས་གྲུབ་སྟངས་ལ་རག་ལས་པར་སྙམ།ཡ་མཚར་བའི་ས་རི་དང་ཆར་ཆུ་ཉུང་བ་དེས་བྲག་ཕུག་བརྟོལ་བར་རང་བྱུང་གི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད།ཞང་ཞུང་བ་དང་གེ་གུ་བ་ཚོའི་བློ་གྲོས་ཀྱི་རྩལ་གྱིས་གནས་འདི་རུ་གཟི་ཉམས་ལྡན་པའི་བྲག་ཕུག་རྩིག་བཟོ་བསྐྲུན་པ་དང་།ཆབས་ཅིག་ཏུ་གནས་འདིའི་གཞན་དང་མི་མཐུན་པའི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་ལས་མེས་པོའི་བཟོ་སྐྲུན་འདི་དག་ད་ཐུག་བར་ཉམས་རུལ་དུ་མ་སོང་བར་ང་ཚོའི་ཁྲ་ཆུང་མིག་གི་ལོངས་སྤྱོད་དུ་འགྱུར་ཐུབ་སོང་། ཞང་ཞུང་ཆུ་བོ་དང་ཁ་གཏད་པའི་ས་སྒང་དེའི་ངོས་སུ།བྲག་ཕུག་དང་དགོན་པ།ད་དུང་རྫོང་གཞིས་སོགས་ཡོད་པ་ང་ཚོས་མཐོང་ཐུབ།འཚང་ཁ་ཤིག་ཤིག་གི་བྲག་ཕུག་ཁྲོད་དུ་ཁ་གྲངས་ངེས་ཅན་ཡོད་པའི་དགོན་པ་དག་ཀྲོང་ངེར་འགྱིང་ནས།རི་འདབས་ན་ཆགས་པའི་རྫོང་གཞིས་ཀྱིས་ས་ཁྱོན་ཆུང་ཆུང་ལས་ཟིན་མེད་པས།གལ་སྲིད་སུ་ཞིག་གིས་དྲན་གསོ་མ་བྱས་ན་སྣང་མེད་དུ་སྐྱུར་སྲིད། གུ་གེ་རྒྱལ་རབས་རྗེས་ཤུལ་གྱི་མཛེས་སྡུག་བརྗིད་ཉམས་ལྡན་པའི་དགོན་པའི་རྩིག་བཟོ་ལས་ང་ཚོས་བསྟན་པ་སྔ་དར་དང་ཕྱི་དར་འབྲེལ་མཚམས་ཀྱི་ལོ་རྒྱུས་བྱུང་རིམ་དངོས་རྟོགས་ཐུབ་ལ།རི་འདབས་ན་ཆགས་པའི་རྫོང་གཞིས་ལས་དགའ་ལྡན་ཕོ་བྲང་གིས་མངས་རིས་དབང་དུ་སྒྱུར་མྱོང་བའི་ལོ་རྒྱུས་ཀྱང་རྟོགས་ཐུབ།
 མངའ་རིས་ཀྱི་བྲག་ཕུག་རྩིག་བཟོ་ཡིས་ང་ཚོ་གནའ་བོའི་སྤྱི་ཚོགས་སུ་ཁྲིད་པ་དང་།བོད་ལྗོངས་ཀྱི་ག་ས་གང་དུ་ཁྱབ་པའི་སྒྲུབ་ཕུག་གིས་ང་ཚོ་ཕྱིར་འཚོ་བ་དངོས་ཀྱི་ནང་ཁྲིད་བྱུང་།བདག་གིས་བྲག་ཕུག་རྩིག་བཟོ་དང་སྒྲུབ་ཕུག་བར་ཏུ་འབྲེལ་བ་ཟབ་མོ་ཞིག་ཡོད་པར་སྙམ་སྟེ།དེ་དག་ཚང་མ་མིའི་རིགས་རྩིག་བཟོ་ལོ་རྒྱུས་སྟེང་གི་བྱིས་པའི་དུས་སྐབས་སུ་གཏོགས་པ་དང་།ཅིག་ཤོས་ཅུང་འཐུས་ཚང་བ་ཙམ་ཡིན།མཐའ་ཡས་པའི་བོད་ཀྱི་ཡུལ་ཁམས་སུ་གནས་རི་དང་བླ་མཚོ་རུ་བཀུར་བའི་ས་ཆ་ཤིན་ཏུ་མང་བ་དང་།གནས་མཆོག་དེ་དག་ཏུ་སྒྲུབ་ཕུག་ཀྱང་ཤིན་ཏུ་མང་།སྒྲུབ་ཕུག་རེ་འགའ་རུ་སྔོན་ཆད་མིང་གྲགས་ཅན་གྱི་ཆོས་པ་དང་སྒོམ་ཆེན་པ་བཞུགས་མྱོང་བས་སྙན་གྲགས་ཕྱོགས་ཀུན་དུ་ཁྱབ་པ་དང་།ད་བར་གནས་མཇལ་དུ་ཡོང་མཁན་རྒྱུན་ཆད་མ་མྱོང་། བོད་ལྗོངས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྒྲུབ་ཕུག་གི་ཁ་གྲངས་ཆེས་མང་ལ་མིང་གྲགས་ཀྱང་ཤིན་ཏུ་ཆེ།བཤད་རྒྱུན་ལ་ལ་མཆིམས་ཕུ་སྒྲུབ་ཕུག་སོགས་ཚང་མ་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྒྲུབ་གནས་ཡིན་པ་དང་།ད་སྐབས་ད་དུང་དེ་རུ་སྒོམ་པ་ཡོད།གངས་རིན་པོ་ཆེ་ཡི་སྟེང་གི་སྒྲུབ་ཕུག་འགའ་ཡང་མིང་གྲགས་ཤིན་ཏུ་ཆེ་ལ།དེ་ལས་གཅིག་ནི་བཀའ་རྒྱུད་པའི་བླ་ཆེན་རྒོད་ཚང་བའི་སྒྲུབ་ཕུག་ཡིན་པ་དང་།མིང་ལའང་རྒོད་ཚང་ཕུག་ཟེར།རྒོད་ཚང་བའི་རྗེས་སུ་བཀའ་བརྒྱུད་པའི་རྗེས་འཇུག་པ་ཚོ་རྒྱུན་མི་ཆད་པར་གནས་དེར་ཕེབས་ནས་ལོ་གསུམ་དང་ཟླ་བ་གསུམ་ལ་སྒྲུབ་པ་ཉམས་སུ་ལེན་གྱིན་ཡོད་པ་དང་།དེ་ཉིད་བཀའ་བརྒྱུད་པ་ཚོའི་བླ་མེད་སྲོལ་རྒྱུན་ཞིག་ཏུ་གྱུར་ནས་ད་བར་དུ་རྒྱུན་སྐྱོང་བཞིན་ཡོད།དེ་ལས་གཞན།རི་ངོས་སུ་ད་དུང་སྒྲུབ་ཕུག་ཞིག་ཡོད་པ་དེར་རྗེ་བཙུན་མི་ལ་རས་པས་སྒྲུབ་པ་ཉམས་ལེན་བྱས་མྱོང་བའི་བཤད་རྒྱུན་ཡོད། གོང་གི་འདི་དག་ནི་ཚང་མར་རྒྱུས་མངའ་ཡོད་པའི་སྒྲུབ་ཕུག་ཡིན་པ་ལས།བོད་ལྗོངས་སུ་ད་དུང་རི་ལུང་གངས་སར་ཁྱབ་པའི་སྒྲུབ་ཕུག་བགྲང་གིས་མི་ལོང་བ་ཞིག་ཡོད།དེ་དག་ནི་བསྟན་པའི་རྗེས་འཇུག་པ་ཚོ་འཁོར་བའི་ཟང་ཟིང་དང་ཁ་བྲལ་ཆེད་ཕྱི་རུ་གནས་བཅའ་སའི་སྡོད་ཁང་སྟབས་བདེ་ཞིག་ཡིན།ཁོ་ཚོས་མི་ཚེ་གང་བོར་དབེན་འཇགས་ཀྱི་རི་ཁྲོད་དུ་སྒོམ་བརྒྱབ་ནས་མི་ཚེ་དོན་སྙིང་འཚོལ་ལ།ཁོ་ཚོའི་བཞུགས་སའི་སྒྲུབ་ཕུག་དག་ཀྱང་བོད་ཀྱི་སྲོལ་རྒྱུན་རྩིག་བཟོའི་གྲུབ་ཆ་ཞིག་ཏུ་གྱུར་རོ།།

 

 
 
 
 
རྩོམ་གསར། 10
དོ་སྣང་ཆེ་བའི་རྩོམ། 10