བྱ་རྒོད་འཕུར་དུས།

ཞོ་ར་བློ་བཟང་བཀྲ་ཤིས།        2013-05-30

གསེར་མདོག་གི་ལོ་འབྲས་འཕུར་བའི་དུས་ཚིགས་ཤིག་ལ
ཟླ་འོད་བཞིན་ལྷག་བསམ་གྱིས་བཞད་པའི་ཁྱོད
བྱ་རྒོད་བཞིན་ཕུགས་བསམ་དང་གཤོག་སྣེ་ལྷོ་ལ་གཏད
ཁྱོད་རང་འཕུར་དུས      ཁྱོད་ཀྱི་གྲིབ་གཟུགས་གཉོམ་པོས
ངའི་དྲན་པ་དམར་པོ་ས་ལ་གཏོར
 
ཁྱོད་ཀྱི་དྭངས་གཙང་གི་སྨྲ་བརྗོད་དེས
ངའི་མིག་འབྲས་ཟིལ་བས་སྒུལ་ཡང
ཁྱོད་རང་འཕུར་དུས            ངས་ད་དུང
བྲལ་གདུང་གི་རྣོ་དབལ་བཟོད་བསྲན་གྱིས་བཀག་སྟེ
འཛུམ་མདངས་མངར་མོ་ཞིག་གིས་ཁྱོད་ལ་སྐྱེལ་མ་ཞུས
 
ཁྱོད་རང་འཕུར་དུས         བདག་ལ་སྨྲ་བརྗོད་ཀྱིས་སྟོང་བ་བདེན་མོད
མཛའ་བརྩེ་དང་ཕྱི་ཐག་གི་ཨ་ལུང་སྒོར་མོས
ཁེར་རྐྱང་གི་ཟླ་གཟུགས་མོག་པོ་སྐྱོ་གྲོགས་སུ་འབོད་པ་ཨེ་ཐོས
ཁྱོད་འཕུར་དུས             སྒེའུ་ཁུང་གི་འགྲམ་ངོགས་སུ་མགོ་བོ་བསྒུར་ཏེ
ཕྱི་མིག་དང་ཕྱག་བརྡ་མེད་དོན་ཅི
ལོ་ཟླ་མང་པོར          ཁྱོད་ངའི་མཐའ་འཁོར་གང་རུང་དུ
ཀུ་རེ་དང་བརྩེ་འཛུམ་གྱིས་བབས་ཤིང
བདག་ལ་དྲན་སྣང་ཁྲི་ཕྲག་གི་མཚན་འབར་བསྒྲོན་རྗེས
ཁྱོད་རང་གཟི་བརྗིད་ཀྱིས་འཕུར་སོང
ཁྱོད་ཀྱིས་ལྷོ་ལམ་རིང་མོ་དཀའ་ཁག་གིས་བརྒྱུད་དུས
སེམས་པའི་གཏིང་རུམ་དུ་ཉར་བའི
འུ་ཅག་གི་མནའ་རྟེན་དེ་ཐེངས་མང་ཀློག་སྲིད
ངས་ཀྱང་བདེ་སྨོན་གྱི་དབྱངས་རྟ་མཐོན་པོར་བསྐྱེད་ནས
ལྷ་ཚོགས་གྲངས་མེད་ཀྱི་མཁའ་དབྱིངས་སུ་བཏབ་ཡོད
 
བྱ་རྒོད་འཕུར་སོང         འཕུར་ཤུལ་ཏུ
སྟོང་སིང་སིང་གི་ཁང་མིག་འདིའི་ཡོད་ཚད
ཟླ་བཅུ་པའི་གྲང་རླུང་བཞིན        ཧ་ཅང་འཁྱག
ཁྱོད་ངའི་དྲན་ཤིང་གི་རྩེ་མོར་བབས་པས
འགྲུལ་བཞུད་ཀྱི་ལམ་དུ          ཕམ་ཉེས་དང་དཀའ་སྡུག་བརྗེད་ཅིང
ཁྱོད་རང་ལྷོ་ཕྱོགས་སུ་འཕུར་དུས
ངས་རོལ་དབྱངས་བསྐྱུར་མོ་ཞིག་ལ་སེམས་ངལ་གསོ
ཁྱོད་འཕུར་རྗེས      ང་ལ་བཞག་པ་ནི
ཐ་མག་གི་དུ་བའི་ཀློང་ན་ཝུ་རག་གི་འཕྱུར་རྒྱུན་དང་མཉམ་དུ
བཟི་ཁ་བཙན་པོ་འདིའི་དྲོ་སྐྱིད་ལ་ཡང་ཡང་བསྒུགས་ནས
ངས་རང་ཉིད་ཁེར་རྐྱང་ཡིན་པ་ད་གཟོད་ཚོར
 
ངའི་དྲན་པ་དམར་པོ       འཆར་ནུབ་མེད་པའི་ཉི་འོད་བཞིན
ཁ་རོག་གེར            སྟོང་སིང་སིང་གི་མཁའ་དབྱིངས་རེ་ན
ཁྱོད་ཀྱི་ལྷིང་འཇགས་ཀྱི་རྨི་ལམ་སྲུང་བའི་སྐྱེས་ལྷ་ཡིན
ཁྱོད་ནི་སྟོན་མཐའ་མའི་་ཁྲུང་ཁྲུང་བཞིན
ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བསྒྱུར་ཏེ
ལྷོ་ཕྱོགས་ཉུལ
ཁྱོད་སོང་རྗེས               ངས་སྙན་ངག་ཐ་ཐོར་ཞིག་སེམས་པས་རྒུམ་བཞིན
གསེར་མདོག་གི་གཡའ་ལོ་འཐོར་པའི་གཏམ་རྒྱུད་ཡང་ཡང་བཀླགས
 
རྒོད་པོ་ལགས        ད་དུང་ཁྱོད་ཀྱིས་དྲན་ནམ
འུ་ཅག་ལྷན་འཛོམས་ཀྱི་མཚན་མོ་དེར
གསོལ་སྟོན་གྱི་རྔམས་ཁ་སྟུག་ཅིང
གླུ་སྐད་དང་དགོད་སྒྲ་ཅི་འདྲའི་མཐོ་ཨང
 
ཁྱོད་གློག་ཞགས་ལྟར  ངའི་དྲན་པའི་ཁོང་གསེང་ནས་འཁྱུག་ཐེངས་རེར
དབེན་པའི་ཁང་རྙིང་དེ་དྲན་ཞིང
སེམས་པ་རྡོག་རྡོག་ཅིག་སྙིམ་པར་གཏད་པའི
དྭངས་གཙང་གི་ཚིག་འབྲུ་དེ་དག་གི་རློན་ཤ་དྲན
 
ངས་འཁྱག་ཤི་ཐེབས་པའི་རང་སེམས་ལ་མེ་ཁ་གསོ་བཞིན
ཞེན་ཆགས་དེའི་སྟོབས་ཀྱིས    མི་ཚེའི་འགྲུལ་བཞུད་ཀྱི་ལམ་སྣེ་བོར
དེའི་རྐྱེན་གྱིས           ཉིན་མཚན་གྱི་དབྱེ་བ་མེད་པར
རེ་སྒུག་གི་སྙིམ་པ་ཐོད་ལ་བླངས
ཐག་རིང་ན           ཁྱོད་བདེའམ་
ཁྱོད་ཀྱི་མཐའ་འཁོར་ན་གླུ་ངག་དང་དགོད་སྒྲ་ཨེ་ཡོད
ཁྱོད་ཀྱིས་སྙན་ཚིག་གི་མགུལ་རྒྱན་བསྒྲིགས་ནས
ནམ་རྒྱུན་ངའི་ཕྱོགས་ལ
སེམས་པ་ངོ་མ་དེ་སྟོན་བཞིན་ཨེ་ཡོད
 
དེ་རིང་ཁྱོད་དང་ངའི་བར་ཐག་དཔག་ཚད་ཀྱིས་ཆོད་པས
ཁྱོད་ཀྱི་ཡོད་ཚད་ལ་འཇོན་ཐང་ལྡན་ཞིང
ངའི་སེམས་ཁོང་གི་སྙན་ངག་ལ་ནམ་ཡང་གཟིམ་རྒྱུ་མེད
 
ངའི་ལྗིང་མདོག་དང་དྲོད་སྐྱིད་ཁུར་བའི་རྒོད་པོ་ལགས
ཡོད་ཚད་ཁྱོད་ཁོ་ནར་དབང་བས
མཛའ་བརྩེ་དང་ཕྱི་ཐག་གི་སེམས་གཞས་ཕྲ་མོ
སྤྲིན་དཀར་ལ་བཅོལ་བ་ཨེ་ཐོས
རྒྱང་རིང་གི      ངའི་སྙིང་ཉེ་བའི་རྒོད་པོ་ལགས
  • ལེ་ཚན་སྔོན་མ།:གནའ་ཤུལ་གྱིས་འུར་བའི་གླུ།
  • ལེ་ཚན་རྗེས་མ།:ང་ཚོ་མཐོ་སྒང་གི་སྐྱེས་པ་ཚོ།