གནའ་ཤུལ་གྱིས་འུར་བའི་གླུ།

སྨིན་དབུས་པོ།        2013-05-30

 
རྒྱལ་མོ་ཚ་བ་རོང་གི་བཙན་མཁར་རྙིང་བ་ཞིག་ལ་ལྟ་སྐོར་དུ་ཕྱིན་པའི་ཚོར་སྣང་།
རང་སྣང་མཁའ་སྤྱོད་ཀྱི་ཞིང་གི་དྲིན་ཆེན་བླ་མས། །
སྣང་བ་བན་བུན་གྱི་རྒོད་པོ་ཁ་ཡན་གློད་པའི། །
བུ་རྒྱུད་གཉོམ་པོ་ཡི་འཁྲུལ་རྟོག་རྩལ་ཐག་བསྡོམ་ཕྱིར། །
བྱིན་རླབས་བཙན་ཐབས་ཀྱི་སུམ་སྒྲོགས་བྱིན་དུ་ཕོབས་ཤོག །
 
སྤྱིར་ན་ཚ་རོང་གི་རྡོ་མཁར་ཞིག་འཕྲོ་དག་ལ། །
ལྟ་སྐོར་པར་འདེབས་ཀྱི་རྣམ་གྲངས་ཤིན་ཏུ་བདོ་མོད། །
འདི་ན་ཡུལ་སྐོར་གྱི་ཟིན་ཐོའི་ཐིག་ནས་ཤོར་བའི། །
ལོ་རྒྱུས་སྲོག་སྙིང་ཅིག་ལྷག་པ་གླུ་རུ་ལེན་ནོ། །
 
ཁ་ནས་གླེང་ཙམ་དང་ཡིད་ཀྱིས་དཔྱད་འཇོག་མིན་པར། །
རྒྱལ་མོ་ཚ་རོང་གི་རྡོ་ཁང་སྨུག་པོ་དག་ལ། །
དངོས་སུ་ཉེ་གཅར་གྱིས་མིག་ཉུལ་ཐེངས་གཅིག་བྱས་ན། །
སྐུ་རྒྱལ་བོད་པ་ཡི་མེས་པོའི་སྣང་བརྙན་མངོན་འོང་། །
 
ཚ་བ་རོང་བྲག་གི་རྫོང་མཁར་རྒྱབ་ཏུ་བསྐྱུར་ཏེ། །
ཤར་ཕྱོགས་ཉི་འོག་ཏུ་སྤྱི་ལེ་བརྒྱད་ལ་ཕྱིན་ན། །
བོད་ཡུལ་གནས་ཆེན་གྱི་གྲས་ན་སྙན་གྲགས་མཐོ་བའི། །
པདྨ་སྤུང་རྩེ་འམ་རྒྱལ་མོའི་དམུ་རྡོར་འབྱོར་ངེས། །
 
དབལ་གྱི་གཏོར་མ་ཞིག་སྟེགས་སུ་བཤམས་དང་མཚུངས་ཤིང་། །
མཐོ་བརྗིད་རྩེ་རྣོན་གྱིས་མཐོན་མཐིངས་འབིགས་ཀྱིས་དོགས་པའི། །
རྔམ་ཟིལ་མིག་ལམ་ལ་ལན་གཅིག་འཁོར་བས་ཀྱང་ནི། །
ཡུལ་སྐོར་གནས་ཉུལ་ཚོའི་སྣང་ཉམས་གཏིང་ནས་འུར་འོང་། །
 
གནས་ཀྱི་མདུན་ལུང་གི་མདོ་ན་བསང་དུད་དབུས་སུ། །
གདོད་མའི་བོན་ཆོས་དང་ཤཱཀྱའི་བན་ཆོས་གཉིས་པོའི། །
སྲོལ་ལུགས་སོ་སོ་ཡི་ལྷ་ཁང་ཆུང་ཆུང་གཉིས་ན། །
ཐང་སྐུ་རེ་ཟུང་དང་འབག་སྐུ་ཐར་ཐོར་བཞེངས་འདུག །
 
དགུན་གྱི་གྲང་ལྷག་གིས་བོད་ཡུལ་སྤྱི་ཁྱོན་མནན་པས། །
གནས་རིའི་སྟོད་ཕྱོགས་སུ་ཁ་བའི་ན་བཟའ་བཀླུབས་ཀྱང་། །
གནས་མདུན་ལྗང་མདོག་ལ་དྲོད་ཀྱི་སྨུག་རྩི་འཁྲིགས་ཚུལ། །
ཚ་བའི་རོང་ཆེན་ཞེས་བཏགས་པ་དོན་ལ་གནས་འདུག །
 
ཐུ་བྷོད་བཙན་པོ་ཡི་རྒྱལ་ཁབ་མཐའ་ནས་སྲུང་བའི། །
དཔའ་བོའི་མི་རབས་ཀྱི་ལོ་རྒྱུས་ཕྲག་ལ་བཏེག་ཅིང་། །
ཡུམ་བུ་བླ་མཁར་གྱི་དེ་ཉིད་ཁོང་ནས་ངོམ་པའི། །
རྡོ་ཁང་རྔམ་ལྡན་ཚོ་མཐོང་ན་ཡིད་དབང་འཕྲོག་འོང་། །
 
སློབ་དཔོན་བེེ་རོ་ཡི་བསམ་གཏན་ཕུག་མོ་ཆེ་དང་། །
རྒྱལ་མོ་གཡུ་སྒྲ་ཡི་རང་བྱུང་ཐོད་བརྒལ་ཕུག་ནས། །
ཉི་ཟླའི་ཕུག་པ་དང་ནོར་བུའི་སྒྲུབ་ཕུག་ལ་སོགས། །
གནས་ཀྱི་གསང་གསུམ་ན་ཁྱད་མཚར་ཤིན་ཏུ་མང་ངོ་། །
 
སྦས་ཡུལ་ནགས་ཁྲོད་ཀུན་ཞིབ་ཏུ་ཉུལ་ནས་སོང་ན། །
སྐྱེ་བོ་རང་རང་གི་ཁམས་དབང་མོས་སྣང་ལྟར་དུ། །
གནས་སྣང་འགྱུར་བ་སོགས་མཐོང་ཡུལ་གཅིག་གྱུར་མིན་པའི། །
ངོ་མཚར་རྨད་བྱུང་གི་བཀོད་པ་ཁྱད་དུ་འཕགས་སྐད། །
 
ཁྱད་པར་སྔོན་བྱོན་གྱི་གཏེར་སྟོན་རིག་འཛིན་ཆེན་པོ། །
སངས་རྒྱས་གླིང་བ་ཡི་གཟིགས་སྣང་གནས་ཡིག་ལྟར་ན། །
ས་སྤྱོད་ཞིང་ཁམས་འདིའི་ཕྱི་ནང་གསང་གསུམ་ཡོངས་རྫོགས། །
རྒྱལ་བའི་དཀྱིལ་འཁོར་ལས་གཞན་དུ་ཅང་ཡང་མི་གྲུབ། །
 
བྱ་བྱིའུ་རྒྱང་སྐད་ལས་མི་ཡི་རྒྱུ་འགྲུལ་དབེན་སར། །
རྒྱབ་ལྗོངས་བྲག་རི་ལ་གཏད་པའི་ཁང་ཆུང་རེ་རེར། །
སྒྲུབ་བརྩོན་དོན་གཉེར་བའི་བཞུགས་ཚུལ་དྲོན་པོ་རེ་རེས། །
ཆོས་མེད་ཆོས་གཟུགས་ཚོའི་སྙིང་ལ་འབོད་སྐུལ་གཏོང་འདུག །
 
མཐའ་མིའི་རྐང་རྗེས་ཀྱི་མནོལ་གྲིབ་ཕོག་པ་ཕར་ཞོག །
གནས་ཀྱི་ཉེ་གམ་དུ་ལས་ཀྱིས་སྐྱེ་བ་བླངས་པའི། །
ཁོར་ཡུག་སྐྱེ་བོས་ཀྱང་མིག་གིས་མཇལ་མྱོང་ཕར་ཞོག །
རྣ་བས་མ་ཐོས་པའི་ངོ་མཚར་སྦས་ཡུལ་མང་སྐད། །
 
ལྷོ་ཕྱོགས་གཡང་གཟར་གྱི་མཐོན་པོའི་རི་སྒང་ཞིག་ན། །
དཔའ་བོ་ཁེར་རྐྱང་གིས་དགྲ་ལ་ཨམ་གཙིགས་བསྡམ་ལྟར། །
གདོང་དམར་ལོ་རྒྱུས་ཀྱི་བདེན་པའི་དཔང་པོར་འགྲེང་བའི། །
བཙན་མཁར་རྡོ་རིང་ཞིག་གནམ་ཀྱི་ཀ་ལྟར་མཐོང་ཐུབ། །
 
ཕར་ཕར་བཙན་མཁར་དེའི་ཕྱོགས་སུ་གཅར་ནས་སོང་ན། །
གྲོང་རོང་གཡང་གཟར་དུ་ཆགས་པའི་གནས་ཚུལ་རེ་རེས། །
རྐང་རྒོད་ཡིན་འདོག་གི་གསར་འབྱོར་གཞོན་སྐྱེས་རྣམ་པའི། །
བྱིན་ཤ་ལྷབ་ལྷབ་དུ་འདར་བའི་སྟངས་སྟབས་མཐོང་འོང་། །
 
ཁོར་ཡུག་མི་ཚོགས་ལ་ངག་རྒྱུན་གཉིས་ཙམ་འདུག་པ། །
ཁྲི་སྲོང་དུས་མཉམ་ཀྱི་ཚ་རོང་མདོ་གཞེར་ནག་པོའི། །
ཕོ་བྲང་བཏབ་ཤུལ་དང་གྲུབ་ཆེན་གཡུ་སྒྲ་སྙིང་པོ། །
འཁྲུངས་གནས་ཡིན་ནོ་ཞེས་ངོས་འཛིན་སོ་སོར་བྱེད་འདུག །
 
བེེ་རོའི་འདྲ་འབག་ཏུ་མངོན་ཚུལ་དཔྱད་པས་དེད་ཏེ། །
གཡུ་སྒྲ་སྙིང་པོ་དེ་རྒྱལ་སྲས་ཡིན་པར་བསྒྲུབ་ན། །
འདོད་ཚུལ་རྣམ་གཉིས་པོར་ནང་འགལ་མེད་པའི་སྟེང་དུ། །
གནའ་ཤུལ་རྩ་ཆེན་དུ་ངེས་པའི་བདེན་དཔང་ཚུགས་ཐུབ། །
 
འདི་ཡི་རྣམ་པ་དེ་མིག་ལ་མངོན་ཐེངས་གཅིག་གིས། །
གནའ་བོའི་བོད་མི་ཡི་རྡོ་བཟོའི་ལག་རྩལ་ཟླ་མེད། །
ད་ལྟ་ན་བུན་བཞིན་གང་དུ་ཡལ་སོང་སྙམ་ན། །
གློ་བའི་གཏིང་རུམ་ནས་དབུགས་རིང་ནར་གྱིས་ཤོར་འགྲོ། །
 
བཙན་མཁར་འདི་འདྲ་ལ་མེས་པོས་དཔའ་རྫོང་བཅས་ནས། །
གླགས་འཚོལ་སུ་ཞིག་ལ་ཕམ་ཁའི་མྱ་ངན་སྦྱིན་པའི། །
སྣང་ཚུལ་གསོན་པོ་དེའི་དངོས་བྲིས་གློག་བརྙན་སྲིད་ན། །
བལྟས་ཀྱིན་བལྟས་ཀྱིན་དུ་ངག་ནས་ཀི་སྒྲ་ལོས་འཆོར། །
 
འདི་ཉིད་ཁེར་རྒྱང་དུ་གནའ་ནས་ད་ལྟའི་བར་དུ། །
བདག་མེད་གཅིག་པུ་རུ་འགྲེང་བའི་སྣང་ཚུལ་བསམ་ན། །
འཇིག་རྟེན་གནས་ཚུལ་ཀྱང་དེ་འདྲའི་འཇིག་སླ་མིན་པའི། །
ལྟ་བ་ཡན་གར་གྱི་སྟོབས་ཤིག་སྙིང་ལ་འཛུལ་འོང་། །
 
འདི་འདྲའི་དྲན་སྐུལ་རེས་སྙིང་ལ་རེག་རྐྱེན་བྱས་ཏེ། །
རྒྱལ་མོ་ལྷོ་རོང་བར་དུང་སྣང་ཆེས་ཆེར་རྒྱས་ནས། །
དུས་ཀྱི་སོ་མཚམས་ཀྱི་ཚ་རོང་གཞོན་སྐྱེས་རྣམ་པར། །
ཕྱི་མིག་ལན་གཅིག་ཅེས་གཞེན་འབོད་ནན་གྱིས་ཤོར་འགྲོ། །
 
བྱ་སྤུ་རླུང་ཁྱེར་ཀྱི་སྤྲང་པོའི་སེམས་ཀྱི་གཤིས་ཀ །
རེས་དགའ་རེས་སྡུག་གིས་གྲུབ་སྟངས་ཁྲ་ཁྲའི་འོག་ནས། །
བཙན་མཁར་ཞིག་འཕྲོ་ལ་གུས་རྟགས་ལན་གསུམ་གླན་ཅིང་། །
དྲན་རྟེན་འདྲ་པར་དང་སེམས་འགྱུའི་ཐོལ་གླུ་བླངས་སོ། །
  • ལེ་ཚན་སྔོན་མ།:སྤྲུལ་སྐུ་དག་ལ་གནང་བའི་སློབ་གཉེར་བསླབ་བྱ།
  • ལེ་ཚན་རྗེས་མ།:བྱ་རྒོད་འཕུར་དུས།