ཞི་ཅིན་ཕེན་གྱིས་ཅིན་ཀྲིན་ཨིན་གྱི་དམིགས་བསལ་ཕོ་ཉ་ཚོས་ལུང་ཧེ་ལ་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2013-05-27

ཞི་ཅིན་ཕེན་གྱིས་ཅིན་ཀྲིན་ཨིན་གྱི་དམིགས་བསལ་ཕོ་ཉ་ཚོས་ལུང་ཧེ་ལ་མཇལ་འཕྲད་གནང་བ།

ཟླ5པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་གྱི་དམིགས་བསལ་ཕོ་ཉ། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚོས་ལུང་ཧེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས24ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་གྱི་དམིགས་བསལ་ཕོ་ཉ། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚོས་ལུང་ཧེ་ལ་མཇལ་འཕྲད་གནང་། ཚོས་ལུང་ཧེ་ཡིས་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་བསྐུར་བའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་མཐུན་པས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བོར་བདེ་བླག་དང་བརྟན་འཇགས་སྒོས་གོང་འཕེལ་དུ་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕེན་གྱིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཡུན་རིང་ཞི་བདེ་བརྟན་འཇགས་ཡོང་རྒྱུ་ནི་མི་ཚང་མའི་རེ་བ་ཡིན་ལ་དོན་ཆེན་གྱི་འཕེལ་ཕྱོགས་ཀྱང་ཡིན། ཀྲུང་གོའི་ལངས་ཕྱོགས་ཧ་ཅང་གསལ་བོ་ཡིན་ཏེ། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། འབྲེལ་ཡོད་ཕྱོགས་སོ་སོས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་འབེན་རྒྱུན་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་རྒྱུ་དེ་ཡིན། ཀྲུང་གོས་འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་འཛིན་པ་དང་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱས་ཏེ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་།ཕྱེད་གླིང་དང་ཨེ་ཤ་ཡ་ཤར་བྱང་གི་ཡུན་རིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཚོས་ལུང་ཧེ་ཡིས་ཁྲའོ་ཞན་གྱིས་ཁྲའོ་ཞན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ལ་ཧ་ཅང་གཅེས་སྤྲས་བྱེད་བཞིན་པ་དང་། ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན། ཚོས་ལུང་ཧེ་ཡིས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་དྲུག་གི་གྲོས་མོལ་སོགས་བརྒྱུད་དེ་འབྲེལ་ཡོད་གནད་དོན་འོས་འཚམ་གྱིས་ཐག་བཅད་ནས། ཕྱེད་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་ལ་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རིག་གནས་ཐོན་ལས་གསར་འདོན་གླིང་གི་རིག་རྩལ་འཚོལ་སྡུད་བྱ་འགུལ་འགོ་རྩོམ་མཛད་སྒོ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།